《ཨ་མའི་དད་པ་དང་ཙ་རིའི་ཀྲད་པ།》དང་པོ།

《ཨ་མའི་དད་པ་དང་ཙ་རིའི་ཀྲད་པ།》དང་པོ།

ཨ་མའི་དད་པ་དང་ཙ་རིའི་ཀྲད་པ།དང་པོ། ཁོ་བོ་ཆུང་ཆུང་བྱིས་དུས་ཤིག་ནས་ངེད་ཚང་གི་མཛོད་ཀྱི་དཀྱིལ་ཀའི་ངོས་སུ་མི་རབས་མང་པོ་ཞིག་གི་རིང་ལ་བླ་ཆེན་སྤྲུལ་སྐུ་ཚོས་བྱིན་རླབས་བསྟིམས་ཡོད་པའི་དར་མདུད་རྙིང་པ་ཁྱི་རྟུག་འདྲ་བ་དག   དུད་པས་ཟོས་ནས་ཁ་དོག་ཀྱང་མངོན་མི་ཐུབ་པའི་གསེབ་དུ་ཀྲད་པ་ཞིག་བཏགས་ནས་འདུག

 

ངས་དེ་ཅི་ཞིག་ཡིན་མིན་ཤེས་འདོད་དེ།  ཕ་མར་དྲི་བ་མང་པོ་ཞིག་དྲིས་མྱངས།  ཨ་མས་ཉིན་ཞིག་འདི་ལྟར་།  《ཨ་མའི།   ཁྱོད་རང་གིས་ཤེས་དགོས་རྒྱུ་ཟིག་ནི། ང་ཚོའི་ནང་འདི་བར་སྐབས་སུ་མོ་དུད་ཞིག་ཏུ་གྱུར་ནས་ཉམ་རྒུད་སོང་འདུག་པ་ལས།  སྔོན་ཆད་ཕྱུག་པོའི་དུས་སུ་དྲེའུ་སྔོན་མ་དྲེལ་རྟགས་ནང་སྟེ་༼རྒྱང་གྲགས་གཅིག་ཙམ་གྱིས་བར་ཐག་ཆོད་པའི་རི་གདོང་ཞིག་༽ཏུ་སླེབས་ཀྱང་སྒབ་མ་དྲེལ་ཤོད་ལས་བཤར་མ་ཚར་བ་ཡོད་མྱོང་།ལྟོས་དང་།ཨ་ཀྲད་འདི་ཡང་ང་ཚོའི་ནང་མི་༼གནས་ཆེན་ཙ་རི་༽བསྐོར་ཏུ་སོང་ནས་ཕྱིར་འཁོར་མྱོང་བའི་བདེན་རྟགས་རེད་་་་་ཨ་མའི།  ང་ཚོ་་་་མི་སྔུན་དུ་གཉའ་ཆག་དགོས་པ་དེ་འདྲ་མ་རེད།》  གསུང་བཞིན་གདོང་ལ་ཡིད་ཆེས་དང་དད་པའི་མེ་ཏོག་གཅིག་བཞད་ནས་དལ་གཅིག་རིང་ཀྲད་པ་དེར་ཅེར་ནས་འདུག

 

 

ངས་ནི་ཕོ་རོག་གིས་གཏོར་མ་སྒུག་པ་བཞིན་དུ་ཨ་མར་ད་རུང་གང་ཞིག་གསུང་རྒྱུ་ཡོད་ན་སྙམ་ནས་བསྡད། ཅུང་མ་སོང་བར་ཨ་མས་《གནས་ཙ་རི་ནི་བྱིན་རླབས་ཆེ་ཤོས་ཀྱི་གནས་རི་ཞིག་རེད། ཙ་རིར་འགྲོ་དུས་དཀའ་ལས་ཆེན་པོ་ཡོད་རེད་་་་་་་་ཨ་མའི། ང་ཚོའི་ཕ་མྱེས་ཚོའི་སྐབས། འགུ་ལུམ་དགེ་སློང་ཞུ་བ་ཞིག་ཙ་རི་ལ་གནས་སྐོར་སོང་བའི་ཀྲད་པ་འདི་རེད་བརྫོ་སྲོལ་འདུག མི་ཚོས་ཀྲད་པ་འདི་འདྲ་རག་སོང་ན་སྐེ་ལ་སྲུང་བ་ཡག་ཤོས་སུ་བརྩི་སྲོལ་ཡོད་རེད་་་་་ཨ་མའི།

ད་རུང་འདིར་ལྟོས་དང་། འདི་ཙ་རིའི་སྨྱུག་གི་སྲུང་བ་རེད། ཨོྃ་མ་ཎི་པད་མེ་ཧཱུྃ། ཨོྃ་མ་ཎི་པད་མེ་ཧཱུྃ།ཨོྃ་མ་ཎི་པད་མེ་ཧཱུྃ།  འདི་་་་ངའི་ཨ་བུ་༼ཨ་ཕྱི་༽ལྷ་ཡུལ་མ་་་་་་་བུ་མོ་ལྷ་མཚོས་ཁྱེར་འོངས་བ་རེད།  ཁོང་ཡང་ཙ་རི་གནས་སྐོར་ལ་རྩེབས་མྱོང་། དེ་དུས་བསྐལ་བ་བཟང་དུས་རེད། ད་་་་ཧུའའའ།   ད་ང་ཚོ་སུ་རྩེབས་ཐུབ་ཀྱི་རེད།》གསུངས་ཏེ་བཞིན་ལ་སྐྱོ་ཉམས་ཅུང་མངོན་བཞིན་དར་མདུད་གསེབ་ནས་རིང་ཚད་སོར་གསུམ་ཙམ་ལས་མེད་པའི་ཚིགས་ལྡན་སྨྱུག་མ་བྱིས་པའི་མཛུབ་མོ་ཙམ་ཞིག་གི་ཕྱོགས་གཅིག་ནས་གསག་སྟེ་བཅད་པ་དེའི་རྩེ་མོ་ནང་དུ་བཀུག་ཅིང་། འགུག་ག་དེར་འདོགས་ལུང་བརྒྱུས་ཆོག་པའི་སྲུང་བ་ཞིག་ང་ལ་བསྟན་སོང་།

ངས་ནི་བྱིན་རླབས་དང་སྲུང་བ་ཟེར་བའི་གོ་དོན་གསལ་པོ་ཞིག་མ་ཤེས་མོད། སྨྱུག་གི་སྲུང་བ་ཆུང་ངུ་དེའི་བཟོ་རྩལ་ལ་ཡ་མཚར་ཏེ། མིག་རིག་རིག་གིས་གཡས་བསྒྱུར་གཡོན་བསྒྱུར་འགའ་བྱས་ནས་བལྟས།  ཨ་མས་ངའི་མགོ་བོར་བྱིལ་བྱིལ་གནང་བཞིན་《འོ་རེད་ཨ་མའི།  ད་ང་བརྗེད་གྲབས་འདུག ཨ་ཀྲད་འདིར་ཡག་པོ་གྱིས་ལྟོས་དང་། འདི་ལ་གནས་ཆེན་ཙ་རིའི་བྱིན་རླབས་ཏེ་གསེར་གྱི་ཕྱེ་མ་སིམ་ནས་ཡོད། འདིར།  འདིར་ལྟོས་དང་། གནས་ཙ་རི་རྡོ་ཕག་མོའི་གནས། གནས་གཞན་དང་བྱིན་རླབས་འདྲ་ས་མེད་བརྫོ་རེད་་་་་་་་ཨ་མའི།  སྐྱབས་སུ་མཆི།》གསུངས་ཤིང་ངའི་མིན་སྔུན་དུ་སླར་ཡང་བསྟན་སོང་པས་ངས་ཀྱང་སེར་ཆེམ་ཆེམ་གྱི་འོད་མདངས་ཅིག་ཡོད་སྣང་ཤར་ཞིང་སྤྲོ་ལྷང་ལྷང་གི་དད་གུས་དྭངས་མ་ཤིག་གནས་ཙ་རིའི་ཕྱོགས་སུ་ལྷ་བསང་གི་དུད་སྤྲིན་དུམ་བུ་ཞིག་དང་འདྲ་བར་དལ་གྱིས་གཡོས་ཏེ་སོང་།

མཚམས་དེར་ཨ་མས་ཀྲད་པ་དང་སྨྱུག་སྲུང་གཉིས་པོ་རྫབ་རྫོབ་ཀྱི་དར་མདུད་གསེབ་ཏུ་ཡར་བཏགས་རྗེས་ཀ་བ་ལ་ཐོད་པ་ནན་གྱིས་གཏུགས། ཡིད་ཆེས་ཀྱི་མིག་ཟུང་ཟིམ་བུར་བཙུམས། གུས་ཚུགས་ཀྱི་ལག་ཟུང་ཐལ་མོ་སྦྱར་ཏེ་སེམས་ཁོང་ནས་སྒྲ་མི་གསལ་བའི་སྨོན་ལམ་ནན་མོ་ཞིག་ཕུར་ཚུགས་སུ་བཏབ་སོང་། བྱིས་པ་ནི་བྱིས།  ངས་ཨ་མའི་དཔྲལ་བ་ཀ་བ་ལས་ནམ་ཞིག་ཕྲལ་ཡོང་བསམ་བཞིན་བསྒུགས་ནས་བསྡད། རིང་པོར་མ་སོང་བར་ཨ་མས་གསོལ་འདེབས་དང་སྨོན་ལམ་ཚར་ཏེ་ཅི་ཞིག་ལེན་དུ་བྲེལ་པ་ལྟར་སྒོ་ཕྱི་ལ་བུད་སོང་། ང་ཨ་མའི་རྗེས་སུ་བསྙེགས་འདོད་ཀྱང་མ་སོང་པར་ཨ་ཀྲད་དང་སྨྱུག་སྲུང་གཉིས་ལ་བསྐྱར་ལྟ་དང་ཡང་ལྟ་བྱེད་ཀྱིན་འདུག་ཤོར།

ཡུན་རིང་མ་འགོར་བར་ཨ་མས་མཐོང་མ་མྱོང་བའི་རྒྱུག་པ་གུག་མོ་འདོམ་གང་མ་ཆ་གཅིག  ཕར་བལྟས་ཚོད་ལ་སྣུམ་གྱིས་ཚོས་ཡོད་པའི་ཟོལ་འདྲ་ཞིག་ལ་རྒྱུན་བུ་ཟང་ཟིང་གིས་སྦྲེལ་ནས་འདུག་པ་ཞིག་ང་ལ་བསྟན་ཏེ་《འདིར་།  འདི་ལ་ལྟོས་དང་་་་་་འདི་ཆི་ཡིན་ས་རེད་ཐིག་པར་གྱིས་དང་།   ཨ་མའི།》གསུང་བཞིན་གདོང་ལ་བྱམས་བརྩེའི་འཛུམ་དཀར་གྱིས་འཁྱུད་དེ་ང་ལ་གཟིགས་ནས་འདུག  ངས་ལམ་སང་《ཨ་མ།  འདི་ཕལ་ཆེར།  སིལ་པོ་ཐད་པོའི་རྭ་བཞི་བླངས་བཞག་པ་རེད་འདུག  ཨེ་རེད་ཨ་མ་》བྱས་པ་དང་ཨ་མ་ནི་རང་དབང་མེད་པར་གད་མོས་ཐང་ལ་འགྱེལ་གྲབས་བྱེད་ཀྱིན། 《ཧ་ཧ་ཧ་ཧ། ཧཧཧ་་་་དུས་ལོག་མགོ་འབུར། ད་་་འདི་ཚོས་ཆི་ཤེས།  འདི་སིལ་པོའི་རྭ་བཞི་ཆི་ལ་ཡིན། འདི་ལ་༼ཁུར་སྒ་༽ཟེར།མི་ཚོ་རྒྱང་རིང་གནས་སྐོར་ལ་འགྲོ་དུས་ཁུར་པོ་ཁུར་ས་རེད།

ང་ཚོའི་འགུ་ལུམ་དགེ་སློང་དང་། ཨ་བུ་ལྷ་ཡུལ་མ་གཉིས་ཀས་ཙ་རི་བསྐོར་བའི་ཁུར་སྒ་འདི་རེད། འདི་དངོས་གནས་བྱིན་རླབས་ཆེན་པོ་དང་རྩ་ཆེན་པོ་ཡིན། ཨ་མས་རིག་གནས་གསར་བརྗེ་ཚེས་དུས་འདི་ཤོད་ལ་བསྐུངས་བཞག་པ་ཡིན། ཉིན་གཅིག་ཤང་ཀྲང་རྒན་པས་དེས་མིན་ན་༼ཅུང་ཙམ་མིན་ན༽་རིག་སོང་། དེ་དུས་དངོས་གནས་རིག་སོང་ན་ང་བཙོན་ཁང་དུ་ཚུད། དེས་ན།   ཁྱེད་རང་ཡང་ཡོད་ཀྱི་མ་རེད།་་་་ཨ་མའི། ལྷ་དཀོན་མཆོག་གི་བཀའ་དྲིན་གྱིས་ཁོང་ཚོས་རིག་མ་སོང་།》གསུངས་ནས་ཡིད་ཚིམས་པའི་བཞིན་མདངས་ཞིག་མངོན་གྱིན་འདུག་སྟབས།

ང་ནི་ཨ་མའི་དད་གུས་དང་ཡིད་ཆེས།  ཨ་མའི་ལྷག་བསམ་དང་བྱམས་བརྩེ་དག་ལ་བསམ་བཞིན་བསམ་བཞིན། མཁའ་ངོགས་སུ་འཕུར་ཐུབ་པ་ལྟ་བུའི་བློ་སྟོབས་གཅིག་རྙེད་དེ་《ཨ་མ། དེས་ན་་་་སང་ཉིན་ནས་ང་ཚོ་ཙ་རི་ལ་འགྲོ་ཨེ་རེད་་་ཨ་མ། ངས་ཁུར་སྒ་ཁུར་ཐུབ་ས་རེད།  མ་ཐུབ་ན་ཨ་ཕ་ལ་ཁུར་རོགས་བརྫོ།  》ཞེས་བཤད་པ་དང་ཨ་མས་ཅུང་ཟད་འཛུམ་བཞིན་གཟབ་ནན་ངང་《ཙ་རི་གནས་སྐོར་འགྲོ་རྒྱུ་་་་་སྩ་མོ་༼སླ་མོ༽དེ་འདྲ་ཡོད་མ་རེད་་་་་་་ཨ་མའི། ཕས་ཚོད་༼ཕྱིས་ཚོད་དེ་དེང་སང་༽ཙ་རི་ལ་གནས་སྐོར་འགྲོ་ཐུབ་རེད་མི་བརྫོ་རོ།

སྤྱི་ཚོགས་རྙིང་པའི་སྐབས་སུ་ལོ་བཅུ་གཉིས་རེའི་མཚམས་སུ་ཙ་རིའི་གནས་སྒོ་རེ་རེ་མ་གཏོགས་བྱེ་སྲོལ་མེད། གནས་སྒོ་ནམ་ཞིག་བྱེ་སོང་ན་དེ་དུས་འགྲོ་དགོས་རེད་ཟེར། ད་ནི་ང་ལ་ཡང་ཡག་པོ་ཟིག་བརྫོ་རྒྱུ་མི་གདའ་》གསུངས་པ་དང་་ངས་《ཨ་མ་་་་། གནས་སྒོ་བརྫས་ན་ཆི་རེད། རྒྱ་སྒོ་ཆེན་པོ་ཟིག་གིས་བཀག་ཡོད་ནའའ་》ཞེས་དྲིས། ཨ་མས་《ཧེ་ཧེ་ཧེ།  མ་རེད་མ་རེད་་་་ཨ་མའི།  ཁྱོད་ཕོ་གསར་ཚར་སོང་ན་ཤེས་རྒྱུ་རེད།  ད་ལྟ་ཤེས་ཀྱི་མ་རེད་》ཟེར། ཕལ་ཆེར་གནས་སྒོ་བྱེ་དང་མི་བྱེའི་ཆོས་སྐད་འདི་དག་བཤད་ཀྱང་ངས་ཤེས་དཀའ་བར་སྙམ་སོང་བ་འདྲ།

སྐབས་དེར་ཨ་མའི་སྤྱན་ཟུང་ལས་རེ་བའི་འོད་མདངས་དྭངས་མ་ཞིག་ངའི་ངོ་གདོང་ལ་འཕྲོ་བཞིན། གནའ་གཏམ་དེ་དག་སླར་ཡང་མགོ་ཚུགས་《ཨ་མའི། ཁྱེད་རང་ལ་ལས་དང་བསོད་ནམས་ཡོད་ན་ཙ་རི་ལ་རྩེབས་ཀྱི་རེད། སྤྱིར་ན་ཙ་རི་ལ་འགྲོ་དུས་དཀའ་ལས་ཆེ་ཤོས་དེ་ཀློ་པས་གསོད་ཀྱི་ཡོད་རེད།  ཀློ་པ་ཚོས་ཆོས་ཤེས་ཀྱི་མེད་སྟབས་ཚྭ་སྦར་མོ་གང་གི་ཆེད་དུ་ཡིན་ནའང་མི་གསོད་རྐྱང་རེད། ཁོང་ཚོས་ནམ་རྒྱུན་གོས་མི་གྱོན་པར་དམར་ཧྲེང་དུ་རྒྱུ། མི་དང་རི་དྭགས་སུ་མཐོང་རུང་དུག་མདག་རྒྱག་གི་རེད་ལ། གལ་སྲིད་མདའ་རྨས་ཁྲག་འཛར་ཙམ་ལས་བྱས་མེད་རུང་འཆི་ལམ་མ་གཏོགས་མེད།  ཨ་མའི་》གསུངས་པའི་གཏམ་དེ་དག་ཉན་རིམ་བཞིན་ང་ཙ་རི་ལ་འགྲོ་བའི་བློ་སྤོབས་ཀྱི་འཇའ་ཚོན་རི་མོ་དེ་དག་སྐད་ཅིག་ཉིད་དུ་ཡལ་སོང་བས་མ་ཚད། ཀློ་པའི་གཟུགས་བརྙན་འཇིགས་སུ་རུང་བ་དག་ངའི་ཐོག་ཏུ་ཤོར་ཡོང་བའི་འཆར་སྣང་ཞིག་གིས་ངའི་ལུས་སེམས་ཡོངས་རྫོགས་སྐྱི་གཡའ་བར་བྱས་སོང་།

འོན་ཀྱང་ཨ་མ་ནི་ཇི་མི་སྙམ་པར་གནའ་སྒྲུང་བཤད་རྒྱུའི་སྤྲོ་སྣང་ཞིག་གིས་ཡོངས་སུ་བཟི་སྟེ་གཙང་ཆུ་བབ་པ་ལྟ་བུའི་ལོ་རྒྱུས་དེའི་གཞུང་སྐྱོང་བཞིན་འདི་ལྟར་《ཙ་རིའི་སྐོར་ལམ་དུ་མ་རྩེབས་པའི་སྔོན་ལ་བོད་སྡེ་པ་གཞུང་གིས་གྲ་སྒྲིག་འོག་ཨ་སྐྱོ་ཚོ་༼གནས་སྐོར་བ༽ཙ་རི་དཀྱིལ་འཁོར་ཐང་ལ་བསྐོངས་བ་དང་། འབྲི་གཡག་མང་པོ་ཞིག་ཁྲལ་བསྡུས་ཏེ་ཀློ་པ་ཚོ་བརྔན་སྲོལ་ཡོད་འདུག ཨོཾ་མ་ཎི་པདྨེ་ཧཱུྃ། ཀློ་པ་ནི་ཀློ་པ་་་ཆི་ཤེས། ཟོག་གསོན་པོའི་ལུས་ལས་ཤ་ཚ་པོ་བཀོག་སྟེ་ཁུར་འགྲོ་རབས་ཟེར། ཤ་ཚ་སེམས་ཅན་ལས་ངན་དེ་ཚོ། ད་རུང་སྡེ་པ་གཞུང་གི་ལས་བྱེད་ཚོས་ཟོག་ཀོ་དམར་པོས་ཐོག་ཕུབ། ཟོག་ཁྲག་ཚ་པོས་མཚོ་བསྐྱིལ་བའི་བར་ནས་ཀློ་པ་རེ་རེ་བཞིན་ལ་མནའ་བསྐྱེལ་བཅུག་སྟེ་བཤར་ཚར་ན་གཞི་ནས་་་གནས་སྐོར་ལ་འགྲོ་ཆོག་རེད་བརྫོ་རོ། མཚམས་རེ་ཀློ་པ་གཅིག་གཉིས་རེ་བྲོས་ཤོར་ན་༼ད་ལོ་ཨ་སྐྱོའི་འགྲོ་ལམ་བདེ་མ་སོང་༽བརྫོ་སྲོལ་ཡོད་རེད་ཟེར་་་་་ཨ་མའི། 》

བཤད་མཚམས་དེར་ཨ་མས་གྱང་ངོས་སུ་ཡར་འཛེགས་འགྲོ་བའི་ཉི་ཐིག་དེ་མཐོང་བ་དང་བློ་བུར་དུ་《ཨཽ་ཧོཧོཧོཧོ་། ད་་་་འགྲིག་མ་ཐལ་་་ཨ་མའི།  ཟོག་ལ་འགྲོ་རྒྱུ་ཕྱི་འདུག  མགྱོགས་པོ་གྱིས། མགྱོགས་པོ་མགྱོགས་པོ། ཨ་མའི།》གསུངས་བཞིན་ཐབ་ཚང་དུ་མྱུར་བར་བརྒྱུགས་སོང་། ཅུང་མ་འགོར་བར་ཨ་མས་གཞན་གྱིས་ནམ་ཡང་ཟ་མ་མྱོང་བའི་སྤུ་ལུ་ཤ་དྲིལ་མ་ཞིག་ངའི་ལག་ནང་དུ་བཞག་སྟེ།《རྒྱུགས་རྒྱུགས་མ་གཏོགས་ཟོག་འདུས་རྒྱུ་མ་རེད། ཟོག་མ་འདུས་ན། ཨ་མས་འགྲམ་པ་བསྲོ་འོང་། སྐེ་བརྫས་ར།》 གསུངས་ནས་ང་ཕྱི་རུ་བཙན་གྱིས་དེད་སོང་།། །།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།