ཆོས།

ཨ་ཕའི་ཁ་ཕོར་གཙང་ཞེན་ཆེ་གྱུར་ཀྱང་།།
ཉི་ཤར་སྦར་མོས་འགེབས་པ་ངལ་བའི་རྒྱུ།།
རྟོག་བཏགས་ལྷ་སྒྲུང་སྙན་མོའི་མངར་ཁ་འདིས།།
ཁྱེད་ཅག་ཡོངས་སུ་ངོམས་ན་དགྱེས་པར་མཛོད།།
དོན་དམ་གཤིས་ལུགས་མཇལ་བའི་ཚད་མ་སྟེ།།
ཚན་རིག་རིགས་པས་གཏན་ལ་འབེབས་ཚུལ་འདིར།།
ཆོས་ལུགས་དད་པས་བསྒྲུན་བ་ཅང་སྲིད་དམ།།
གྲྭ་རྒོད་ཐལ་མོས་འཛིང་པའི་རྔམས་ཟིལ་ལ།།
དངོས་པོའི་གནས་ལུགས་དཔྱད་སོང་མ་ཟེར་ལོ།།
སྟོང་དང་རྟེན་འབྲེལ་གྲགས་པའི་འབྲུག་སྐད་གཅིག།
མི་ལོ་སྟོང་ཚོ་གསུམ་ལ་བསྒྲགས་གྱུར་ཀྱང་།།
གྲུབ་དོན་འབྲུ་ཆར་མེད་དུས་མ་ངལ་ལམ།།
གཤིན་རྗེས་ཉེས་ཆད་ཕོག་རྒྱུར་སྐྲག་སོང་ན།།
མ་ཎི་དུང་ཕྱུར་བསག་རྒྱུ་མ་བརྗེད་དང་།།
ཆོས་ཀྱི་ཚན་རིག་ཟེར་ཡང་དེ་ཙམ་རེད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།