རྒྱང་བལྟས།

ཕྲག་སྟེང་ཕབ་པའི་ལྕང་ལོ་རླུང་དང་རྩེ།།
མཉེན་ལྕུག་ལུས་ཀྱི་གོམ་སྟབས་སྒེག་ཅིང་ལྡེམ།།
ཁྱེད་ཀྱི་རྒྱབ་གཟུགས་རྒྱང་ནས་བལྟས་བའི་ཚེ།།
དར་གྱི་ཆུན་འཕྱང་སེར་བུས་སྐྱོད་པ་བཞིན།།
ནན་གྱིས་བལྟས་ན་གཞན་གྱིས་མཐོང་དོགས་ཏེ།།
མཁྲིག་མའི་ཆུ་ཚོད་བཏེག་ཏེ་ལྟ་བའི་ཟོལ།།
འཁྲིས་སུ་ལྷག་ཚེ་བཞིན་ལ་ལྟ་བ་ཡི།།
སྤོབས་པ་ཞུམ་སྟེ་འགྲོ་བར་བརྩམ་ན་ཡང་།།
ཁྲོམ་ཚོགས་ནང་དུ་སྒྲེན་མོར་རྒྱུ་བ་ལྟར།།
ལུས་སེམས་གཡའ་བའི་ཚོར་བ་ཞིག་གིས་བདས།།
གང་ཁྱེད་མཐུན་གྲོགས་གཞན་དང་ཕན་ཚུན་དུ།།
དགའ་བའི་འཛུམ་དཀར་སྤྲོས་བ་མཐོང་ན་ཡང་།།
ཁོ་བོའི་ཡིད་ཀྱི་ཀུད་ད་བཞད་པ་འདི།།
གཞན་གྱིས་ཐོས་ན་སུ་ཡིས་བདེན་ཁ་སྤྲོད།།
བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གི་ངང་།།
སློབ་གྲྭའི་གཤམ་གྱི་ནགས་སུ་ཐོན་མ་ཐག།
ལང་ཤོར་བྱིས་པ་མ་དང་བྲལ་བ་ལྟར།།
སེམས་པ་ཕྲ་མོ་ཁྱེད་ཀྱིས་རྗེས་སུ་བསྙེགས།།
ཤིང་ལོ་བཏིང་སྟེ་དེབ་ཅིག་ཁ་ཕྱེས་ཀྱང་།།
ཡིག་འབྲུ་རེ་བཞིན་ཁྱེད་ཀྱི་གཟུགས་སུ་སྣང་།།
ལག་གི་སྙིམ་པས་མིག་ཟུང་བཀབ་ན་ཡང་།།
ཡིད་ཀྱི་རྫིང་བུར་ཁྱེད་གཟུགས་ཡལ་དུ་མེད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།