རྗེས་འབྲང་པ་མི་ས་ཡ་གཉིས་ལྷག་འདུག་ཟེར།

༸གོང་ས་མཆོག་གི་ཊི་ཝི་ཊར་ཞལ་བྱུང་ཐོག་ཏུ་རྗེས་འབྲང་པ་མི་ས་ཡ་གཉིས་ལྷག་འདུག་ཟེར། རྒྱ་གར་གྱི་གསར་གནས་ནང་འཁོད་གསལ། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཊི་ཝི་ཊར་དྲྭ་ཏོག་ཏུ་འཛམ་གླིང་ས་ཕྱོགས་ཁག་ནས་ཆོས་ཀྱི་རྗེས་འབྲང་པ་ས་ཡ་གཉིས་ལྷག་ཟིན་ཡོད་པ་དང་དེ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད།

འཛམ་གླིང་ཐོག་གློག་བརྙན་པ་གྲགས་ཅན་དང་། རྩེད་འགྲན་པ་གྲགས་ཅན་སོགས་ལའང་དེ་ལྟར་མེད། ༸གོང་ས་མཆོག་གིས་འཛམ་གླིང་གང་སར་ཞི་བདེ་དང་། འཚེ་བ་མེད་པའི་བཀའ་སློབ་གང་མང་ཕེབས་ཀྱི་ཡོད་པ་རེད། ད་དུང་ཁོང་གིས་བོད་དང་རྒྱ་ནག་གཙོས་པའི་འགྲོ་བ་ཡོངས་ལ་ཀུན་ཁྱབ་ཐུགས་འཁུར་རྒྱ་ཆེར་གནང་གི་ཡོད་པ་མ་ཟད། ཊི་ཝི་ཊར་དྲྭ་ཚིག་ཐོག་ཏུ་ཕེབས་པའི་མགོན་པོ་གང་ཉིད་ཀྱི་གསུང་གི་ཆ་ཤས་རེ་རེས་ཀྱང་འགྲོ་བའི་ལུས་སེམས་ཀྱི་ཉེས་སྐྱོན་སེལ་ཞིང་། ལེགས་པའི་ཡོན་ཏན་ཐ་དག་སྤེལ་བར་དབང་འབྱོར་བ་སོང་ཁོང་ལ་རྗེས་འབྲང་པ་དེ་ལྟར་མང་པོ་བྱུང་བ་རེད་ཅེས་འཁོད་ཡོད་པ་དང་།

ཕྱི་ཚེས་༢༤ རེས་གཟའ་ཉི་མའི་དགོང་དྲོ་ཆུ་ཚོད་༧ པར་༸་གོང་ས་སྐྱབས་མགོན་ཆེན་པོའི་ཊི་ཝི་ཊར་དྲྭ་ཚིག་ནང་མི་གྲངས 2,075,807 ཡོད་པ་དང་ཕྱི་ཉིན་རེས་གཟའ་ཟླ་བའི་མཚན་མོ་ཆུ་ཚོད་༡ དང་སྐར་ ༤༠ ནང་མི་གྲངས་6000 ཙམ་འཕར་ཟིན་ཡོད་པ་རེད། དབྱུག་རྩེད་སྤོ་ལོ་མཁན་གྲགས་ཅན་ས་ཆེན་ཏན་དྷུལ་ཀར་ཊི་ཝི་ཊར་དྲྭ་གྲོགས་1,239,638  བྷོ་ལིས་ཝོ་ཌི་གློག་བརྙན་འཁྲབ་མཁན་གྲགས་ཅན་མ། པཱིར་ཡན་ཀ་ཆོབ་རཱ་ལ་རྗེས་འབྲངས་པ་ 1,209,115 དེ་བཞིན་གློག་བརྙན་འཁྲབ་སྟོན་པ་ཤཱ་རོ་ཁང་ལ་རྗེས་འབྲངས་པ་ 1,029,611 ཨཱ་མི་ཏཱ་བྷ་ཆན་ལ་938,719 ཨ་མིར་ཁང་ལ་888,974 ཌི་པའི་ཀཱ་པེ་དྷུ་ཁང་ལ་867,065  སལ་མཱ་ཁང་ལ་849,532 པི་ཊིའི་ཛཱིན་ཏ་ལ་722,051 རཱི་ཐིག་རོ་ཤན་ལ་663,293  ཆོས་ཕྱོགས་ཀྱི་བླ་ཆེན་ཤྲིར་ཤྲིར་རཱ་ཝན་ཤཱང་ཀར་ལ་9,740 བྷ་བྷ་རམ་དཱེ་ཝེ་ལ་རྗེས་འབྲངས་པ་5,420 བླ་ཆེན་པོབ་ལ་དྲྭ་ངོས་གསར་པའི་ཐོག་70,688 བཅས་ཡོད་འདུག །

ད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགསདབུས་བོ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་པ་ལྟར་ན། ༸གོང་ས་མཆོག་གི་ཐུགས་དགོངས་ནི་ཊི་ཝི་ཊར་ནང་གི་རྗེས་འབྲང་པ་དེ་ཚོར་འབྲེལ་བ་གནང་རྒྱུ་དང་། གལ་ཆེ་བ་ཞིག་ནི་རྒྱ་ནག་ནང་གི་ན་གཞོན་དང་མཁས་དབང་ཚོར་བོད་ཀྱི་བདེན་པའི་འཐབ་རྩོད་དེ་ངོ་འཕྲོད་ཐོག་ཕན་ཚུན་མཛའ་བརྩེ་ལྡན་པའི་མཐུན་གྲོགས་ཡོང་ཐབས་བཅས་ཡིན་པ་ལས་རྒྱ་ནག་དང་དེའི་མི་མང་ལ་འགལ་ཟླ་བཟོ་ཆེད་མ་རེད། ཅེས་གསར་བཀོད་པར་འགྲེལ་བརྗོད་གནང་ཡོད་པ་མ་ཟད།

རྒྱ་གར་གྱི་གསར་བཀོད་ཆེད་མཁས་པ། རཱ་མན་ཌིབ་བྷ་ཇཱ་ཝ་(Ramandeep Bajwa)མཆོག་གིས་ཀྱང་། ༸གོང་ས་མཆོག་གི་རྣམ་ཀུན་སྙིང་རྗེ་དང་ཀུན་ཁྱབ་སེམས་འཁུར་ཐོག་བཀའ་སློབ་གནང་གི་ཡོད་ཙང་ང་ཁོང་གི་རྗེས་སུ་འབྲང་བ་ཡིན། ཅེས་གསུངས་ཡོད་པ་རེད། དགུང་གྲངས་༧༦ ལ་ཕེབས་པའི་ཞི་བདེའི་དད་དཔོན་ཆེན་པོ་ཁོང་ལ་འཛམ་གླིང་ས་ཕྱོགས་གང་སར་ནས་ཡིད་རྟོན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དྲྭ་ཚིགས་བརྒྱུད་རྒྱ་ནག་ནང་ཞི་བདེ་དང་དྲང་བདེན་ལ་དགའ་བའི་མཁས་དབང་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་བཅས་ལ་བཀལ་མོལ་ཡང་གནང་གི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད་ཅེས་འཁོད་འདུག །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།