བོད་ལ་མཁྲེགས་འཛིན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱ་འཆར།

གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཚེས་༡༩ རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིས་ཅིན་ཕིང་གིས་ཏཱ་ལའི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་དྲག་གནོན་བྱེད་རྒྱུ་ཡིན་ཚུལ་བཤད་ཡོད་པ་རེད། དབྱེ་ཞིབ་པ་ཚོས་ཞིས་ཅིན་ཕན་ནི་༢༠༡༣ ལོར་རྒྱ་ནག་གི་སྲིད་འཛིན་ཆགས་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ད་ཐེངས་ཀྱི་གཏམ་བཤད་དེས་མ་འོངས་པར་རྒྱ་ནག་གི་བོད་ལ་མཁྲེགས་འཛིན་གྱི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

ཞིས་ཅེན་ཕན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་ལོ་ངོ་དྲུག་བཅུ་འཁོར་བ་ཟེར་བའི་དུས་དྲན་སྲུང་བརྩི་ཆེད་འབྱོར་ཡོད་པ་དང་། ཕོ་བྲང་པ་ཏཱ་ལའི་མདུན་ཐང་དུ་ཚོགས་ཆེན་ཐོག་ཁོ་པས། ང་ཚོས་ཞིབ་ཚགས་ཐོག་བོད་ཀྱི་བརྟན་ལྷིངས་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་ཉེན་ཚབས་བཟོ་མཁན་ཏཱ་ལའི་བླ་མའི་ཕྱོགས་གཏོགས་དང་བཅས་པའི་ངན་བྱུས་ཐ་དག་གཏོར་བཤིག་དང་ཕམ་པ་བྱེད་དགོས། ཞེས་བཤད་ཡོད་པ་རེད། དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་གཉིས་མཇལ་འཕྲད་གནང་བར་རྒྱ་གཞུང་ནས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་པའི་རྗེས་སུ། བོད་དོན་ཐོག་བསྒྲགས་གཏམ་སྤེལ་བ་དང་པོ་ཡིན་པ་དང་།  ཁོ་པས་མུ་མཐུད་བརྗོད་དོན། བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ངོ་མཚར་ཆེ་བའི་ལོ་ངོ་དྲུག་ཅུའི་ཡར་རྒྱས་ནི་འགོག་ཐབས་མེད་པའི་བདེན་དངོས་ཤིག་ཡིན་པ་དང་། གུང་བྲན་ཏང་མེད་ན་རྒྱ་ནག་གསར་པ་མེད་ལ། བོད་གསར་པ་ནི་དེ་བས་ཀྱང་ཡོད་མི་སྲིད། ཅེས་སོགས་བཤད་ཡོད་པ་རེད།

གནས་ཚུལ་འདིའི་ཐད་རྒྱལ་སྤྱིའི་གསར་ལམ་ཁག་ཏུ། རྒྱ་ནག་གཞུང་ནས་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ནོར་ཝེ་ཞི་བདེའི་གཟིངས་རྟགས་བཞེས་མཁན་གྱི་མི་སྣར་ངོས་འཛིན་རྩ་བ་ནས་བྱེད་ཀྱིན་མེད་པ་མ་ཟད། ཁོང་ནི་དྲག་སྤྱོད་ཁ་བྲལ་རིང་ལུགས་པའི་ཉེས་འཛུགས་བྱ་ཡུལ་གྱི་མི་སྣ་ཞིག་ཏུ་མངོན་ཐབས་བྱེད་ཀྱིན་ཡོད་པ་རེད།  གུང་བྲན་ཏང་བཙུགས་ནས་ལོ་༩༠ འཁོར་བ་དང་། བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་༦༠ འཁོར་བ་ཟེར་བའི་དུས་དྲན་སྔ་ཕྱིའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་བྱས་པའི་བོད་ཁྱོན་ཡོངས་ལ་དམ་དྲག་ཤུགས་ཆེ་དང་། ཡུལ་བསྐོར་སྤྲོ་འཆམ་པ་བཀག་སྡོམ་བྱས་ཡོད་པ་རེད་ཅེས་འཁོད་འདུག།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།