མཛེས་མའི་རེ་བསྐུལ།

ཉིན་གུང་ཁ་ལག་བཟས་ནས་ཚུར་ལོག་ཡོང་སྐབས་མཚམས་སྦྱོར་འཛིན་གྲྭའི་བུ་མོ་ཞིག་ནས། སྐུ་མཁྱེན་ཟུང་ལྡན་གྱི་ལམ་ནས་སྙན་ངག་ཚིག་ཁ་ཤས་ཤིག་འབྲི་རོགས་གྱིས་དང་ད་ལྟ་རང་དགོས། དགེན་ལགས་ཀྱིས་ནང་སྦྱོང་ངེས་པར་བྲིས་གསུངས་སོང་ཡིནའང་འབྲི་ཤིས་ཀྱི་མི་འདུག་ཟེར་ནས། སྨྱུག་གུ་དང་ཤོག་བུ་གཉིས་ངའི་ལག་ཏུ་བཞག་བྱུང་། ངས་སྙན་ངག་འབྲི་མི་ཤེས་ནའང་ཅི་བྱེད་འདི་བྱེད་མ་བྱུང་བས་འདི་འདྲ་ཞིག་བྲིས་པ་ཡིན།

དཀར་དཀར་གངས་རིའི་རྩེ་མོ་ཐམས་ཅད་དཀར།།
གསལ་གསལ་རྟ་ལྗང་གཞོན་ནུ་དགུང་ན་གསལ།།
མཐོ་མཐོ་ཇོ་མོ་གླང་མ་བརྗིད་ཅིང་མཐོ།།
མཛེས་མཛེས་གཅིག་ཏུ་བསྡུས་འདྲའི་གངས་ལྗོངས་མཛེས།།
ལེགས་ལེགས་བོད་ཀྱི་རིག་གཞུང་ཀུན་ནས་ལེགས།།
གྲགས་གྲགས་གླིང་ལྔའི་ཁྱོན་ལ་འབྲུག་བཞིན་གྲགས།།
བཟང་བཟང་ཉམས་སུ་ལེན་པའི་སྐྱེ་བོ་བཟང་།།
སྐྱིད་སྐྱིད་འདི་དང་ཕྱི་མ་ཀུན་ཏུ་སྐྱིད།།
སིལ་སིལ་སྦྲང་ཆར་སྤང་ལྗོང་ངོགས་སུ་སིལ།།
ཤར་ཤར་དབྱར་ཁའི་མེ་ཏོག་གང་སར་ཤར།།
སྙན་སྙན་ཁུ་བྱུག་གསུང་སྐད་རྣ་བར་སྙན།།
ལྷང་ལྷང་འབྲོག་མོའི་གླུ་སྐད་ཡིད་ལ་ལྷང་།།
འཁྱིལ་འཁྱིལ་རི་ཀླུང་གང་སར་མཚེའུ་འཁྱིལ།།
ལྡིང་ལྡིང་མཛེས་པའི་བྱ་ཚོགས་མཁའ་ན་ལྡིང་།།
ལྷུང་ལྷུང་གངས་ཀྱི་ཆུ་ཕྲན་ཐུར་དུ་ལྷུང་།།
མང་མང་ཚོགས་གཉིས་ལས་བྱུང་དགེ་མཚན་མང་།།
དྲན་དྲན་སེམས་ཀྱི་སྣང་བརྙན་གསོན་པོ་དག།
ཝལ་ཝལ་ཤོག་བུ་ངོས་སུ་ཕབ་པ་འདི།།
ངོ་མཚར་ཉམས་འགྱུར་སྟོང་གིས་ཕྱུག་པ་ཡི།།
བསིལ་ལྡན་ཁ་བའི་ཞིང་ཁམས་དྲན་ཚེ་བྲིས།།

སྐྱོན་བརྗོད་དང་ཡོ་བསྲང་གང་ན་ཅི་མཆིས་པ་ལྷུག་པོར་གསུང་པར་དགའ་བསུ་ཞུ་རྒྱུ་ཡིན། ན་སྨིན་རྩོམ་པ་པོ་དག་གིས་གསུངས་ན་དམིགས་བསལ་དགའ་བསུ་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།