སྙན་ངག་གི་དཔེ་བརྗོད་འགའ།

སྔོན་མ་ཞིག་ལ་སྙན་ངག་གི་དཔེ་བརྗོད་དང་མཉམ་དུ་བརྗེད་ཐོ་ཟིན་བྲིས་ཀྱང་འགའ་བྲིས། འདི་ནི་དཔེ་མཚོན་ཙམ་ཡིན།
དང་པོ། རིགས་རང་བཞིན་བརྗོད་པ།
དམར་སེར་མཚམས་སྤྲིན་གསར་པའི་གོས་ཀྱིས་མཛེས།།
ངོ་མཚར་རྨད་བྱུང་ཕན་བདེ་ཀུན་གྱི་གཞི།།
ཉོན་མོངས་སྐྱོན་བྲལ་བསླབ་གསུམ་མཛོད་འཛིན་པ།།
མཛའ་བཤེས་དགེ་འདུན་སྡེ་རྣམས་གཙུག་གི་རྒྱན།།
འདིའི་དཔེར་བརྗོད་སྐབས་སུ་བྱ་ཚིག་ཉུང་ན་ལེགས་པ་དང༌། རིགས་སྤྱི་ལ་ཁྱབ་པའི་ཁྱད་ཆོས་ཡོད་དགོས་པ་ཡིན། དོན་གྲུབ་རྒྱལ་གྱིས་འདིའི་སྐོར་ལ་རྒྱས་པར་བཤད་ཡོད་པས་ལྟ་དགོས།

གཉིས་པ་བྱ་བ་རང་བཞིན་བརྗོད་པ།
གང་གི་བརྩེ་ཆེན་ཐབས་མཁས་ཐུགས་རྗེ་ཡིས།།
ལེགས་བཤད་གསུང་གི་དྲིན་གྱིས་བསྐྱངས་པས་མཐུས།།
མདོ་ཁམས་ས་ལའི་ལྗོངས་ཀྱི་སྐྱེ་འགྲོ་ཀུན།།
ཆོས་འབྱོར་ཞི་བདེའི་དཔལ་དུ་དབུགས་དབྱུང་བསྩལ།།

འདི་ལ་བྱེ་པ་པོ་དང་བྱ་བ་གཉིས་ཀ་ཡོད་པ་ཞིག་དགོས་ཤིང་སྤྱིར་བྱེད་པ་པོ་ཡོད་ན་བྱ་བའི་ཡུལ་ཡོད་པའི་ཁྱབ་བམ་མ་ཁྱབ། དཔེར་ན་གནམ་ལ་འཕུར་ཟེར་ན། བྱ་བའི་ཡུལ་གང་ཡིན་ནམ།

གསུམ་པ་ཡོན་ཏན་རང་བཞིན་བརྗོད་པ།
རྗེ་བཙུན་བླ་མ་བྱམས་པའི་མཚན་འཆང་དེའི།།
མི་ཟད་གསུང་གི་མཛད་པ་ཐོས་ཙམ་གྱིས།།
སྲིད་དང་ཞི་བའི་འཇིགས་པ་ཀུན་བྲལ་ཏེ།།
ཕུན་ཚོགས་ཞི་བདེའི་དཔལ་ཡོན་ཅི་ཡང་རྒྱས།།

འདིར་ཡོན་ཏན་ཞེས་པ་ཁྱད་ཆོས་ལྟ་བུར་གོ་བ་མ་གཏོགས་སྐྱོན་ཡོན་གཉིས་ཀྱི་ཡོན་ཏན་གོ་ན་མ་འགྲིགས། ར་བཟི་བ་ཆང་གི་ཡོན་ཏན་ཡིནའང་སྤྱིར་ཆང་ལ་ཡོན་ཏན་ཡོད་པ་བརྗོད་དཀའ་བ་བཞིན་ནོ།

བཞི་པ་རྫས་རང་བཞིན་བརྗོད་པ།
ཐུབ་པའི་བཀའ་སྲོལ་དྲི་མེད་རིགས་པ་ཡིས།།
འཛིན་ཅིང་སྤེལ་ལ་སྨྲ་བའི་དབང་ཐོབ་པའི།།
གསེར་མདོགས་ཅོད་པན་འཆང་བའི་རིང་ལུགས་ཆེ།།
འཇམ་མགོན་ལུགས་བཟང་གསལ་མཛད་གདན་ས་པ།།

དང་པོ་ཆོས་དཔེ་ནི།
མྱོས་པའི་བཞིན་དམར་གླང་ཆེན་འགྲོས་ཀྱིས་རྒྱུ།།
ཀུན་གྱི་ཡིད་འཕྲོག་ཉམས་སྒེག་འཛུམ་དཀར་ཅན།།
བསིལ་ལྡན་ཡུལ་གྱི་མཛའ་མཐུན་བཞིན་ལེགས་མ།།
ལེགས་བྲིས་བུ་མོ་བཞིན་དུ་ཀུན་ནས་མཛེས།།

གཉིས་པ་དངོས་དཔེ་ནི།
འཇམ་མཉེན་ཆུ་སྐྱེས་དང་མཚུངས་སོར་མོའི་རྩེར།།
སྙན་འཇེབས་བྱེ་བའི་འགྱུར་ཁུག་ཏམ་བུ་ར།།
འཕྲོལ་ཚེ་འཆི་མེད་བུ་མོ་སྟོང་ཕྲག་བརྒྱ།།
སྐབས་གསུམ་སྐྱེད་མོའི་ཚལ་དུ་རོལ་བ་བཞིན།།

གསུམ་པ་ལྡོག་པའི་དཔེ།
ཡིད་འཕྲོག་དགའ་བས་མྱོས་པའི་མཛའ་ན་མོའི།།
རྩེ་དགས་སྒྲིབ་མེད་ནུར་འབུར་གཡོ་བ་བཞིན།།
ལྷོ་ཡི་དྲི་བཞོན་གྱིས་བསྐྱོད་ཨ་མྲའི་ལྗོན།།
དུད་པའི་རྩེ་མོར་སྨིན་འབྲས་ཚར་དུ་དངར།།

བཞི་པ་ཕན་ཚུན་གྱི་དཔེ།
སྐྱིད་ཉམས་དོད་པའི་འཁོར་བའི་ཕུན་ཚོགས་ཀུན།།
འདྲེན་བྱེད་ལམ་དུ་དབང་པོའི་གཞུ་བཞིན་བཀྲ།།
འོད་ཀྱིས་མཛེས་པའི་མཁའ་ཡི་འཇའ་མཚོན་ཡང༌།།
མི་བརྟན་འཇིགས་འགྱུར་སྲིད་པའི་འབྱོར་པ་བཞིན།།

ལྔ་པ་དཔེ་ངེས་པའམ་ངེས་པའི་དཔེ་ནི།
དབྱངས་ཅན་ཁེངས་པ་འཕྲོག་མཛད་སྙན་ངག་མཁན།།
སྐྱེངས་བྱེད་མཁྱེན་དཔྱོད་དཔལ་ལྡན་དཎྜི་དང༌།།
རྗེས་སྨྲ་གཞན་དཔེ་འཇལ་བྱེད་མཚན་མའི་བློ།།
སྲིད་པ་གསུམ་འདིར་བཙལ་ཡང་ངལ་བའི་རྒྱུ།།

འདི་ཐུན་མིན་གྱི་དཔེ་དང་འདྲ་པོ་ཡོད་གང་ཡིན་ཟེར་ན་དཔེ་ངེས་པ་འདྲ་ཙང་ཡིན་རྒྱུ་རེད། ལྟ་དགོས།

དྲུག་པ་ངེས་མེད་ཀྱི་དཔེ་ནི།
སྣང་མཐའི་ཟློས་གར་རྣམ་འདྲེན་མེ་ཏྲེ་ཞབས།།
རེ་ཞིག་མཁྱེན་རབ་འཇམ་དཔལ་དབྱངས་དངོས་དང༌།།
མི་མཐུན་སྒྲོག་ལ་དེ་འདྲའི་ངང་ཚུལ་ཅན།།
གཞན་སྲིད་མགོན་པོ་གང་གི་དཔེ་ཟླར་འོས།།

ཡང་ན།

རྒྱལ་ཀུན་མཁྱེན་བརྩེ་གཅིག་བསྡུས་དབྱངས་ཅན་ལྷ།།
མགྲིན་པར་རོལ་འདྲའི་ངོ་མཚར་སྙན་ཚིག་འདི།།
སྙན་ངག་ཆེན་མོ་དཔག་བསམ་འཁྲི་ཤིང་དང༌།།
མཚུངས་ཀྱི་གཞན་དཔེ་མཆིས་ན་འགོད་ལ་བྲེལ།།

བདུན་པ་བསྡུས་པའི་དཔེ་ནི།
སྨིན་ལེགས་མ་ཁྱོད་མཛེས་པ་གཅིག་པུ་ཡིས།།
བདག་གི་སྙིང་ལ་ཟུག་ངུ་སྦྱིན་མིན་གྱི།།
ཟུར་གསུམ་དམར་ཆུང་སྙིང་གི་གྲ་ཟུར་ནས།།
ལྷད་མེད་སེམས་ཀྱིས་བརྩེ་ཚུལ་སྨྲ་འདིས་ཀྱང༌།།

བརྒྱད་པ་ཕུལ་བྱུང་གི་དཔེ་ནི།
བདེ་ཆེན་གྲུ་འཛིན་ཞིང་གི་ཤར་གྱི་ཆར།།
མགོན་ཁྱོད་རྨད་བྱུང་མཚན་དཔེའི་ལང་ཚོ་རྫོགས།།
མི་ཡི་མཆོག་མ་འཕགས་ཡུ་དབུས་འགྱུར་ཚལ།།
བྱང་ཆུབ་མཆོག་བརྙེས་གནས་ཀྱི་ཁྱད་པར་ཙམ།།

དགུ་པ་རབ་གཏགས་ཀྱི་དཔེ་ནི།
རིག་བྱེད་བྱེ་བའི་དཔྱིད་གྱུར་མཚོ་བྱུང་ལྷའི།།
གཞན་དཔལ་ཡོད་ཅེས་སྟོན་ཟླ་སྙེམས་མ་བྱེད།།
རྟ་བདུན་ཟེར་བརྒྱ་འཐུང་བའི་པད་དཀར་ཡང༌།།
མཛེས་པའི་ངང་ཚུལ་སྟོན་ལ་ཅིའི་མི་བྲེལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༢༧༢༠༢༠༡༨༢༨
གསང་སྔགས་བསྟན་འཛིན།
ཧ་ཅང་སྙན་པོ་འདུག་
2 ༠༤༢༠༡༦༡༠༥༣
སློབ་དཔོན་ཆེན་པོ་ལགས་ཀྱིས་རྒྱ་དང་བོད་ཀྱི་སྙན་ངག་ལ་ཁྱད་ཆོས་སྐོར་བྲིས་གནང་རོགས།
སྐུ་ཉིད་ཀྱིས་གོང་དུ་བཀོད་པའི་དཔེར་བརྗོད་དེ་དག་ལ་ཚིག་འགྲེལ་ཐུང་ངུ་རེ་བྲི་ཐུབ་ན་ཕན་ཐོགས་ཆེ་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།