བློ་སེང་བཀའ་ཁྲིར་འོས་ན་ཧུ་ཅིང་ཐོ་ཡང་འོས།

སྔ་ཉིན་གསུམ་བཅུ་དུས་དྲན་གྱི་ཉིན་མོར་སྦི་སྦི་སི་དང་སི་ཨེན་ཨེན་བཅས་གློག་འཕྲིན་ཁག་ནང་༸གོང་ས་མཆོག་གཟའ་འཁོར་རྗེས་མའི་རེས་གཟའ་ཟླ་བ་ཉིན་བོད་ཀྱི་ཡུལ་གྱར་སྲིད་གཞུང་གི་གྲོས་ཚོགས་ནང་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་འབུལ་དང་རྩ་ཁྲིམས་སྐྱར་བཅོས་གནང་རྒྱུའི་གནས་ཚུལ་ཐོན་པ་དང་།
༧གོང་ས་མཆོག་གི་ཡོངས་ཁྱབ་གསུང་འཕྲིན་ནང་དུ་ཡང་གསལ་བ་བཞིན་འགན་དབང་ཡོངས་རྫོགས་རྩིས་འབུལ་གནང་རྒྱུའི་གཏན་ཁེལ་ཟིན་པས་རྩིས་འབུལ་གནང་ཡུལ་གྲོས་ཚོགས་ཡིན་ཡང་འགན་དབང་ཁྱེར་ནས་ལས་དོན་སྒྲུབ་མཁན་གཙོ་བོ་ནི་འབྱུང་འགྱུར་བཀའ་བློན་ཁྲི་པ་དེ་ཡིན་པས་དེ་ནི་བོད་མི་ཀླད་གསར་བ་ཚོས་བདམས་པའི་འོོོས་མི་གསུམ་པོ་གང་རུང་ཞིག་ལ་ངེས་པས་ཕྱིར་ཐོན་བྱ་རྒྱུའི་ཐབས་ལམ་གང་ཡང་མེད་སྟབས་དཔེར་ན་བྱམས་རྩེ་མེད་པ་དང་བོད་ཀྱི་རིགས་གནས་སྤྱི་དང་འཛམ་གླིང་སྤྱི་ལ་ཕན་པའི་ངོམས་སུ་ཆོག་པའི་ཐུན་མིན་གྱི་ལྟ་གྲུབ་ཁག་ལ་མཁྱེན་རྒྱ་གོ་རྟོགས་དབེན་པའི་བློ་སེང་ལྟ་བུ་༸གོང་ས་མཆོག་གི་འགན་དབང་ཁྱེར་ཐུབ་མཁན་གྱི་མི་སྣ་ཞིག་རེད་འདུག་གམ། ལེགས་པར་སོམས་དང། འདི་ལ་དྲི་བ་འགའ་ཡོད་པ་ནི། གུང་ཁྲན་ཏང་གི་དབང་འཛིན་པ་ཚོའི་འོག་དུ་སྡོད་འདོད་མེད་པའི་རྒྱུ་མཚན་གང། ཁོ་པ་ཚོར་དེང་དུས་ཀྱི་ཤེས་ཡོན་དང་དཔལ་འབྱོར་གོང་མཐོར་གཏོང་བའི་ནུས་པ་བློ་སེང་ལས་ཀྱང་ལྷག་པ་ཡོད་པ་ནི་མངོན་སུམ་དུ་གྲུབ་མེད་དམ།
ཅིའི་ཕྱིར་ང་དང་ང་འདྲ་བའི་རང་བཙན་དོན་གཉེར་བའི་བོད་མི་རྣམས་ཀྱིས་རང་གི་ཡུལ་ལུང་རྒྱ་ནག་ལས་ཐ་དད་དུ་གནས་པའི་ཆེད་དུ་འབོད་བརྩོན་བྱེད་དགོས་སམ།ཅིའི་ཕྱིར་ཁྱེད་དང་ཁྱེད་འདྲ་བའི་བོད་མི་རྣམས་ཀྱིས་རང་སྲིད་རང་སྐྱོང་གི་ཁེ་དབང་རྩོད་ཀྱི་ཡོད་དམ།  དེ་ནི་ང་ཚོ་ཚང་མས་བོད་ཀྱི་ཐུན་མིན་གྱི་ཆོས་དང་རིགས་གནས་རྩ་ཆེན་འདི་རྒྱུན་འཛིན་བྱེད་རྒྱུ་ཆེད་ཁོ་ན་ལས་ཆབ་སྲིད་ཀྱི་དབང་ཆ་ཙམ་དང་དཔལ་འབྱོར་གཅིག་པུ་ཆེད་མིན་པས། ང་ཚོའི་མགོ་པ་དང་ལས་སྣེ་དབུར་ཁྲིད་མཁན་བཀའ་ཁྲི་ནི་གོང་གསལ་གྱི་མཁྱེན་རྒྱ་དང་བྱམས་བརྩེ་ལྡན་པ་ཞིག་ལས་བློ་སེང་ལྟ་བུ་ལ་དེང་དུས་ཀྱི་ཧར་རྒྱུགས་ཙམ་ལས་མཁས་པ་མགུ་བའི་གཏམ་བཤད་སྣེ་གཅིག་ཀྱང་མེད་ཁར་ཕྱོགས་རྩམ་མཐོང་བའི་མཁས་རློམས་ང་རྒྱལ་ཁེངས་དྲེགས་དང་ལྟ་བ་མཐོ་འདེགས་ཅན་ཚོ་ནི་ལུགས་གཉིས་སྐྱོང་བའི་དབུ་འཛིན་ཇི་ལྟ་རུང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་གླེང་སྟེགས་སུ་ཐོན་པ་དང་གལ་ཆེན་སྒྲུབ་མཁན་ནི་ནི་༸གོང་ས་མཆོག་དང་ནང་ཆོས་གཉིས་ཀྱི་རིན་ཐང་ཁོ་ལས་བྱུང་བ་ཡིན་སྟབས་དེ་དག་སྣང་མེད་དུ་བཏང་ནས་མཁས་མདོག་འཇན་མདོག་ཚོས་ཅི་འདྲ་བྱེད་ཀྱི་འདུག་རྗེས་སུ་ཤེས་ཡོང།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (10)
མཁས་རློམ་ལུང་རིགས་ཅ་ཅོ་ཡིས།།
གཞན་སེམས་དཀྲུགས་པའི་ཐུར་མ་བྱེད།།
ཉོག་ཚིག་ལོ་མ་བཙན་བསྒྲིགས་ཀྱིས།།
གཞན་ལ་འཁུ་བའི་ལས་སུ་རློམ།།

བླང་དོར་གནས་ལུགས་ཟབ་ས་ནས།།
ཕ་རོལ་གཞན་ལ་སྟོན་འདོད་ན།།
རང་མིང་དགེ་བཤེས་སྨྲེང་བ་ཡང་།།
དོན་གྱིས་དབྱིངས་སུ་དབབ་པར་མཛོད།།

དོན་མེད་ཚིག་རྩུབ་མཚོན་ཆ་ཡིས།།
གཞན་གྱི་སྙིང་ལ་མ་འཕེན་ཅིག།
ཉག་ཉོག་ཚིག་གི་ལོ་མ་ཡིས།།
རིན་ཆེན་དྲ་ངོས་མ་བཀང་ཅིག།

རིན་ཆེན་མི་ཡི་ལུས་རྟེན་ལ།།
གང་བྱུང་དམོད་པའི་ལྟོ་མ་འཕེན།།
རང་གཞན་སེམས་དག་འཁྲུག་གྱུར་ན།།
ལས་ངན་སྟོ་ཀའི་ལྷུན་པོ་འགྲུབ།།

ཆགས་སོགས་ཉོན་མོངས་ན་བུན་གྱིས།།
རང་སེམས་ཨརྒམ་བཏུམ་པ་ཡི།།
དེ་ཉིད་ཕྱི་རུ་ངོམ་པ་ཡང་།།
ཁྱེད་ཀྱི་མིང་དང་འགལ་ཁུར་ཆེ།།

མཁས་བརྒྱ་འགྲན་གླེང་དྲ་ངོས་སུ།།
རྩོམ་པའི་ཤོག་རྩལ་ངོམ་སྙམ་ཡང་།།
དྲི་མེད་རིགས་པའི་རྣམ་དཔྱོད་ཀྱིས།།
བརྩམས་པའི་ཁྱད་ཆོས་ཁྱེད་ལ་མེད།།

ཉག་ཉོག་ཚིག་གི་ལོ་མའི་ནང་།།
གྲོང་སྐད་དང་ནི་ཕལ་སྐད་སོགས།།
རྡོ་ཆག་བཙན་བསྒྲིགས་བྱས་པ་ཡང་།།
མཁས་རྒུའི་མདུན་སར་ངོ་རེ་ཚ།།
༄༅། །ལྷ་རམས་མིང་རྫུན་ཐོགས་པའི་འཇམ་ནོར་ལགས། སྐུ་མཁྱེན། ཁྱོད་ཀྱིས་ཞབས་འདྲེན་ཞེ་དྲག་མ་ཞུ་རོགས་གནང་། གོང་དུ་ཁྱོད་ཀྱིས་བློ་བཟང་སེང་གེ་ལ་མ་ཚང་པའི་ཆ་རྐྱེན་མང་དག་ཞིག་བྲིས་ཁུལ་བྱས་འདུག་པ་ནས། ང་ཚོའི་བཀའ་ཁྲི་གསར་པར་མ་ཚང་པའི་ཆ་རྐྱེན་ཞིག་ནི། བྱམས་བརྩེ་དང་འཛམ་གླིང་སྤྱི་ལ་ཕན་པའི་ལྟ་གྲུབ་བཅས་རེད་འདུག་ལ། བཀའ་ཁྲི་བློ་སེང་ལ་དེ་དག་མེད་པའི་རྒྱུ་མཚན་གསལ་པོ་ཞིག་གསུང་དང་། ཡང་ཁྱོད་ཀྱིས་བཤད་སྟངས་ལ་བལྟས་ན། འཛམ་གླིང་སྤྱི་ལ་ཕན་པའི་ཐུན་མིན་གྱི་ལྟ་གྲུབ་ཟེར་བ་ནི་ཕལ་ཆེར་ནང་ཆོས་ཁོ་ན་ཡིན་ཙང་ང་ཚོའི་བཀའ་ཁྲི་དང་། བཀའ་བློན་ལས་རོགས་གཞན་ཚོ་དང་བཅས་པ་བྱུང་ན་སྤྱི་འཐུས་དང་ཁྲིམས་དཔོན་མུན་ཆད་ཚང་མ་དགེ་བཤེས་ལྷ་རམས་ཁྱོད་འདྲ་མིན་པ་ལྟ་གྲུབ་ལ་མཁས་པའི་དཔེ་ཁྲིད་དགེ་རྒན་ཤ་སྟག་བསྐོ་བཞག་བྱས་ན་དགའ་བ་མིན་འགྲོ། མ་རེད་དམ། ངའི་ཁྱོད་འདྲ་མིན་པ་ཞེས་དྲིས་དོན་ནི། ནང་ཆོས་ཤེས་ཟེར་བ་དང་དགེ་བ་ཤེས་ཟེར་བ་བཅས་ནི་ཁ་ནས་སྐྱོར་ཤེས་པ་ཙམ་གྱི་མི་ཕན་པ་ལག་ལེན་དངོས་ཀྱི་སྒོ་ནས་འཇོག་དགོས་པ་སྔོན་བྱོན་མཁས་པ་རྣམས་དང་༸གོང་ས་མཆོག་གིས་ཀྱང་ཡང་ནས་ཡང་དུ་གསུང་བཞིན་ཡོད་པ་དེ་དག་ཁྱོད་ཀྱི་ཀྱང་ཐོས་མྱོང་ཡོད་ཤས་ཆེར། དེ་འདྲ་སོང་ཙང་མིང་སྐམ་པ་ཁྱོད་འདྲ་བ་ཞིག་གི་མི་ཕན་པ་གོང་དུ་ཁྱོད་ཀྱིས་བྲིས་པའི་ཟིན་བྲིས་དེ་ནས་གསལ་པོ་མཚོན་ཐུབ་ཙང་བསྐྱར་འབྲི་བྱེད་དགོས་དོན་མ་མཐོང་། འཇུག་ཏུ་ངས་ཁྱོད་ལ་དྲི་བ་ཞིག་འདྲི་རྒྱུར། བཀའ་བློན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་བྱམས་བརྩེ་དང་ལྟ་གྲུབ་བཅས་ཡིན་པ་དང་བློ་སེང་ལ་དེ་དག་ཚང་གི་མེད་པའི་གནས་ལུགས་རྣམས་བླུན་པ་ཁྱོད་ཀྱིས་མ་གཏོགས་༸གོང་ས་མཆོག་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱི་མ་མཁྱེན་པ་ཡིན་ནམ། ???? རྒྱུ་མཚན་གང་ལ་ཟེར་ན། བློ་སེང་བཀའ་ཁྲི་འདེམས་ཐོན་སྐབས་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་མཆོག་གིས་འཚམས་འདྲིའི་ནང་དུ་(༸གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་མཛད་འགན་མ་བཞེས་པའི་ཛ་དྲག་གི་དུས་ཚོད་འདི་འདྲ་ཞིག་ལ་གཞོན་ནུ་ཤེས་ཡོན་ཅན་ཁྱེད་འདྲ་བ་ཞིག་འདེམས་ཐོན་བྱུང་བར་ཕྲན་བློ་བདེ་པོ་འདུག) ཅེས་དང་། ཉེ་ཆར་ཨ་རི་དུ་༸གོང་ས་སྐྱབས་མགོན་ཆེན་པོ་དགུང་གྲངས་ ༧༦ ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་གསུང་དོན་"བཙན་བྱོལ་བོད་མི་རྣམས་ད་ཆར་ཆབ་སྲིད་ཀྱི་གོ་རྟོགས་དང་ཡར་རྒྱས་ཀྱི་རྣམ་པ་ཤུགས་ཆེན་པོ་ཕྱིན་འདུག་པས་རྒྱུ་མཚན་དུ་གཞོན་སྐྱེས་དེང་རབས་ཀྱི་ཤེས་ཡོན་ཆ་ཚང་ཡོད་མཁན་བློ་བཟང་སེང་གེ་འདེམས་ཐོན་བྱུང་འདུག་"ཅེས་སོགས་གསུང་པ་རྣམས་ཁྱོད་ཀྱིས་མ་ཐོས་སམ། ?????? སླར་ཡང་ངས་ཁྱོད་ལ་དྲི་བ་ཞིག་སྟེར་རྒྱུར། བཀའ་བློན་ཞིག་ལ་ཁྱོད་ཀྱིས་གོང་དུ་བྲིས་པའི་ཆ་རྐྱེན་ཚང་དགོས་ན། དགེ་བཤེས་ལྷ་རམས་ཤིག་ལ་ཚང་དགོས་པའི་ཆ་རྐྱེན་གང་ཡིན་ནམ། ?????? དེ་དག་ཁྱོད་ལ་ཚང་གིན་འདུག་གམ།?????ཧཧཧཧཧཧཧཧཧཧཧཧཧ......སྙིང་རྗེ།་་་་་་་་ཕྲག་དོག་གིས་བྱས་པ་འདྲ་་་་
ཁྱོད་ཀྱི་བརྗོད་གཞི་ལ་བལྟས་ན་ལྷ་རམས་པ་ཞིག་ག་ལ་ཡིན་མིང་རྫིག་པོ་དེ་རྗེས་སུ་བེད་སྤྱོད་མ་བཏོང་རོག་ གང་ལག་་ཞེ་ན་མི་མང་པོའི་ལྷ་རམས་པ་ལ་བསྐུར་བ་བཏབ་པའི་ཉེས་པ་དང་ ལྷ་རམས་པ་ཡོངས་ཀྱི་མཚན་ཤད་དུ་འགྲོ་བར་འདུག་པའི་ཡིད་གཟབ་་མཛོད་ཁྱོད་རང་གིས་རྗོད་གཞི་ལ་བལྟས་ན་མཁས་དབང་བློ་བཟང་སེང་གེ་ལགས་ལ་རྒྱུས་མངའ་ཙ་བ་ནས་མེད་པ་མ་ཟད་མི་ཁ་ཤས་ཀྱིས་བཤད་པ་ལ་་རྗེས་མདོས་བྱས་པ་འདྲ་པོ་ཞིག་འདུག་པའི་རྗེས་མ་ཡིད་གཟབ་བྱེད་རྒྱུས་དྲན་བསྐུལ་ཞུ་བ་ཡིན་ གལ་སྲིད་ཁྱོད་རང་ལྷ་རམས་པ་ཞིག་ཡིན་ན་༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩེ་མི་དགོས་པའི་ལྷ་རམས་ལོག་པ་ཞིག་ཡིན་པ་འདྲ་
ལྷ་རམས་འཇམ་ནོར་ཁྱོད་ཀྱི་ངའི་སྨྱུག་རྩེ་ནས་ཤོར་བའི་ཡིག་ཕྲེང་རྣམས་བཀླགས་ནས་ཕལ་ཆེར་སྐྲག་པ་མིན་འགྲོ། ངས་བྲིས་པའི་ཡི་གེར་ལན་ཞིག་མེད་པར་ཤག་ཏུ་བརྡར་སིག་སིག་བྱས་བསྡད་ཡོད་པའི་བཟོ་འདུག །ལྷ་རམས་པ་ངོ་མ་ཞིག་ཡིན་ན་ལན་ཞིག་རྒྱབ་ཤོག དེ་མིན་ངས་བཤད་པ་ལྟར་མི་ཚོས་བདེན་པ་འཛིན་སྲིད། ཁྱོད་ཀྱི་མཁས་དབང་བློ་བཟང་སེང་གེར་དོན་མེད་སྐྱོན་བརྗོད་བྱེད་པར་ངས་ལན་ཞིག་རྒྱབ་ཡོད། གལ་ཏེ་ད་དུང་ཁྱོད་ལ་བཤད་རྒྱུ་ཡོད་ན་བཤད་ཤོག དེ་མིན་ཁྱོད་ལྷ་རམས་པའི་མིང་འཛིན་ནས་མར་འདོན་ཞིག །ང་མི་དཀྱུས་མ་ཞིག་ལ་ལྷ་རམས་པ་ཞིག་ནས་ལན་རྒྱབ་མ་ཐུབ་ན་གདན་ས་ཁག་གི་ལྷ་རམས་པའི་མཚན་སྙན་ཁྱོད་ཀྱི་མེད་པ་བཟོས་པ་དང་གཅིག་མཚུངས་རེད། ངས་ལན་སྒུག་ནས་བསྡད་ཆོག །གལ་སྲིད་ལན་མེད་ན་ཁྱོད་ཀྱི་བཤད་པ་ཡོངས་རྫོགས་རྫུན་གཏམ་ལས་དྲང་བདེན་མིན་པ་ཚང་མས་མཁྱེན་ཐུབ།
ལྷ་རམས་པ་ཞིག་གི་ཁ་ནས་འདི་འདྲ་བའི་བཀའ་མོལ་གསུང་ན་ཏོག་ཙམ་ཐལ་ཆ་ཆེ་དྲག་པ་མིན་འགྲོ། ཧུ་ཅིང་ཐོ་བཀའ་ཁྲིར་འོས་ཟེར་ན་གང་རེད། ཁྱོད་ཀྱི་གུང་བྲན་ཏང་གི་དངུལ་ཟ་མེད་འགྲོ་བསམ་པའི་དོགས་པ་ཕྲན་བུ་ཟ་དགོས་པ་གཅིག་འདུག ༸རྒྱལ་བ་རིན་པོ་ཆེས་བོད་མི་སྤྱི་ལ་ཕན་པ་དང་ཕུགས་རྒྱང་རིང་པོ་ཞིག་ལ་གཟིགས་ནས་བཀའ་ཁྲི་མི་མང་རང་གི་འདེམས་དགོས་པ་དགོངས་པ་རེད་མ་གཏོགས། ཁྱོད་ཀྱི་བསམ་པ་ནང་བཞིན་ག་ནས་ཡིན། ཁྱོད་ཀྱི་བློ་བཟང་སེང་གེ་ལ་སྐྱོན་འཛུགས་བྱེད་པ་ནི་བོད་མི་ས་ཡ་དྲུག་ལ་སྐྱོན་འཛུགས་བྱེད་པ་དང་ཆ་ཡིན། དེའི་ནང་ང་ཡང་ཚུད་ཡོད་པས་ངས་ལན་ཞིག་མི་འདེབས་ཀ་མེད་བྱུང་། བློ་བཟང་སེང་གེས་འཇོན་མ་འཇོན་ལོ་ལྔ་ཚར་པའི་རྗེས་སུ་འགྲེལ་བཤད་རྒྱབ་ནའང་ཕྱི་དྲག་གི་མ་རེད། ཐུག་པ་མ་འཁོལ་གོང་ནས་ལུད་མ་ཡོང་ཟེར་བའི་དཔེ་ལྟར་ལས་ཀ་གང་ཡང་མ་བྱེད་གོང་ནས་འགྲིག་གི་མིན་འདུག་ཟེར་ན་ཐལ་དྲག་མིན་འགྲོ། འཛམ་བུ་གླིང་གི་ཆབ་སྲིད་པ་ཡོངས་རྫོགས་ཀྱི་བཤད་སྟངས་གཅིག་མཚུངས་ལྟར་ཆབ་སྲིད་ཀྱི་ལྡིང་ཆའི་སྟེང་མ་ལང་པའི་སྔ་རོལ་དུ་ངས་འཇོན། ངས་ཤེས། ངས་བྱས། ངས་བཏང་ཟེར་མཁན་ཀྱང་ཀྱང་ལས་ངས་མི་འཇོན། ངས་མི་ཤེས། ངས་མི་བྱས་ཟེར་ནས་བསྡད་ན་འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་ལས་ཀ་སུས་བྱེད་ཀྱི་རེད། དེ་དང་གཅིག་མཚུངས་བཀའ་ཁྲིའི་འོས་མི་སྟེང་འཛུལ་བཞུགས་བྱེད་མཁན་ཚང་མས་དེ་དང་གཅིག་མཚུངས་བྱས་ཡོད་པས་ཧ་ལས་དགོས་པ་གང་ཡང་མིན་འདུག་པ། གལ་ཏེ་ཁྱོད་དངོས་འབྲེལ་སེམས་ཀྱི་བཟོད་ཀྱི་མིན་འདུག་ན་དགེ་ལུགས་སྤྱི་འཐུས་ཀྱི་རྐུབ་བཀྱག་དང་ཁྱོད་ཀྱི་ཆོལ་ཁའི་སྤྱི་འཐུས་ཀྱི་རྐུབ་བཀྱག་སྟེང་བསྡད་ཐུབ་པ་བྱས་ནས་ཁྱོད་ཀྱི་བསམ་པ་ནང་བཞིན་འབད་བརྩོན་ཞིག་བྱེད་དང་། ད་ཟོད་གཞི་ནས་དྲ་རྒྱ་དང་ཚགས་ཤོག་སྟེང་སྐད་ཆ་རྫིག་པོ་དེ་རྣམས་བཤད་ན་འོས་པོ་ཞིག་ཡོང་གི་རེད། དེ་མིན་གདན་གྲུ་གཞིའི་སྟེང་བསྡད་ནས་སྐད་ཆ་རྫིག་པོ་དང་སྙན་པོ་སུ་ཡིན་ཡང་བཤད་ཐུབ་ངེས་ཡིན། བཤད་པ་ནང་བཞིན་དོན་ངོ་མ་ལག་ལེན་ལྟར་ན་ཤེས་ངེས་རེད། ༸སྐྱབས་མགོན་རིན་པོ་ཆེས་བཀའ་ཁྲི་གསར་པ་གཞོན་སྐྱེས་ཞིག་ལ་སྔར་ནས་རེ་བ་སྐྱོན་པ་ནང་བཞིན་ད་ཆ་གཞི་ནས་ཁོང་གི་བསམ་དོན་སྒྲུབ་པ་རེད། ༸སྐྱབས་མགོན་རིན་པོ་ཆེས་བཀའ་ཁྲི་གཞོན་སྐྱེས་ཞིག་སླེབས་པར་བསྔགས་བརྗོད་ག་ཚོད་གཅིག་གནང་གི་འདུག་གམ། ངས་བྱས་ན་ཁྱོད་རང་ཉིད་སྒེར་གི་མཁས་དབང་བློ་བཟང་སེང་གེ་ལ་མ་དགའ་བའི་རྒྱུ་མཚན་དུ་བྱས་ཏེ་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་བཟོ་འདྲ་འདུག་ལ་གུང་བྲན་གྱི་ཤོག་དངུལ་ཕྲན་བུ་རག་མིན་འགྲོ་བསམ་པ་ཡང་འདུག ང་ཚོས་བཀའ་ཁྲི་མཆོག་གི་འབྱུང་འགྱུར་ཕྱག་ལས་རྣམས་ལམ་ལྷོང་ཡོང་བར་རེ་བ་རྒྱབ་རྒྱུ་དང་། གཞོགས་འདེགས་སྒྲུབ་རྒྱུ་དེ་རེད། ལྷ་རམས་པས་དཔེ་ཆ་ཁྲིད་མ་ཐུབ་ནའང་ཁ་སྡིག་མ་བསགས་ན་ལེགས།
5 ༢༢༢༠༡༡༢༣༢༢
ཁྱེད་ཀྱིས་་དྲ་ལམ་ན་ང་ཚོ་བྱེས་འབྱོར་པའི་འབུམ་རམས་པ་མཁས་དབང་བློ་བཟང་སེ་གེ་ལ་སྐྱོན་འཛུག་དང་སྨྱོན་ཧམ་བཤད་པ་དེ་བཙན་བྱོན་བོད་མི་ལ་སྐྱོན་འཛུག་བྱེད་པ་ཡིན་པས་་ཁྱེད་ཀྱིས་་རགས་དུང་་དེ་དང་པོ་ཁ་ནང་ལ་འཁོར་ནས་གཏོང་རོགས་གྱིས།
4 ༡༩༢༠༡༡༠༡༤༠
༆།། མཁས་དབང་བློ་བཟང་སེངྒེ་མཆོག་ལ་འདི་འདྲ་ཞུ་དགོས་པ་རྒྱུ་མཚན་གང་ཡིན་ནམ་ལགས་།། ཁྱེད་རང་མྱོན་པ་མ་རེད་ནམ་།།
3 ༡༧༢༠༡༡༡༥༤༩
བློ་སེང་གིས་ཆིག་སྒྲིལ་ཞེས་ཁ་ནས་སྨྲས་ཀྱང་ཁོག་ཏུ་ལི་ཐང་བའི་དཔུང་སྒྲིག་པར་ཡོང་བ་ཡིན་ཞེས་པ་ཞེས་དོན་ལ་ཆིག་སྒྲིལ་མེད་པ་བསྟན་པ་དང་། སྔར་བྱས་ཀྱི་ཉམས་མྱོང་དང་། གསར་གཏོད་ཀྱི་བྱ་གཞག་གཅིག་ཀྱང་བསྟན་རྒྱུ་མེད་པས། གསར་གཏོད་ཅེས་པ་ནི་མང་ཚོགས་རྣམས་མགོ་སྐོར་བསླུ་བྲིད་ཀྱི་ཁ་གཡང་ཞིག་ལས་མ་འདས་ལ། རང་ཉིད་ཀྱི་ཁུར་དུ་འཁྲི་བའི་དང་བླང་དཔྱ་ཁྲལ་གཙང་མ་ཞིག་དང་། ཆ་ཚང་ཞིག་འབུལ་ལམ་མ་ཞུས་པ་རང་མགོ་རང་ཐོན་དང་། ལྷག་པར་ད་བར་བོད་མི་རྣམས་རང་མགོ་རང་ཐོན་ཡོང་ཐབས་ཀྱི་བྱ་བཟང་གཅིག་ཀྱང་སྒྲུབ་མྱོང་མེད་པས། རང་མགོ་རང་ཐོན་ཀྱང་ཁ་ནས་བཤད་ཀྱང་ལག་ལེན་ཐོག་བསྟན་རྒྱུ་མེད་པས། མདོར་ན་ཆིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་གྱི་ཁ་གཡང་རྣམས་བློ་འཛིན་གྱིས་གང་སར་མཎི་བགྲངས་བ་ལྟར་སྨྲས་ཀྱང་། གནའ་བོའི་གཏམ་དཔེར། ཁ་བཤད་ལ་ཉི་མ་ཤར་ཡང་། ལག་ལེན་ལ་མུན་པ་རུབ། །ཅེས་པ་ལྟར་ད་བར་ཆིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་ཐོག་བྱས་རྗེས་སྣ་གཅིག་ཀྱང་སྟོན་རྒྱུ་མེད་ཀྱང་། ང་མཁས་དང་། ང་འཇོན་ཁ་ཕོ་ཆེ་ཁོ་ན་བསྒྲགས་ཏེ་མི་དམངས་མགོ་སྐོར་བཏང་བ་ད་ལྟ་རྫུན་རྐུབ་རྣམས་གཅིག་མཇུག་གཉིས་མཐུད་དུ་རྡོལ་བཞིན་པ་དང་། ཡང་སྒོས་བློ་བཟང་སེང་གེར་སྔར་གྱི་བྱས་རྗེས། ཉམས་མྱོང་། གསར་གཏོད་གཅིག་ཀྱང་མེད་ཀྱང་འདི་ལྟ་བུའི་འུད་ཤོབ་བརྗོད་ནུས་པ་ནི་ང་རྒྱལ་དང་ཁེངས་དྲེགས་ཀྱིས་མ་བཞག་པ་ལས་བྱུང་བ་ཞིག་མིན་པ་གང་ཡིན།
2 ༡༥༢༠༡༡༢༢༤༧
སྐུ་མཁྱེན། ལེགས་ཉེས་དང་། གནས་ཚུལ། རྒྱུ་མཚན། དགེ་སྐྱོན་གང་ཞིག་གླེང་རྒྱུ་ཡོད་ཀྱང་། གནས་ལུགས་ཀྱི་ཐོག་ནས་གསུངས་པ་ལས གཞན་ལ་དམའ་འབེབས་དང་། ངན་སྨྲས། ཚིག་རྩུབ་སོགས་ཀྱི་ཐོག་ནས་གསུངས་དགོས་དོན་ཨེ་ཡོད། འདི་ལས་དྲག་ཙམ་གྱི་ཐོག་ནས་གསུང་རྒྱུ་མི་འདུག་གམ།
1 ༡༤༢༠༡༡༠༦༣༠
ལྷ་རམས་པ་འཇམ་ནོར་ལགས། ཁྱོད་ཀྱིས་གཞན་ལ་སྐྱོན་བརྗོད་ཁོ་ན་བྱས་བ་ལ་ཐོག་མར་ཁྱེད་རང་སྐྱེས་ནས་ད་ལྟའི་བར་བོད་མི་རིགས་ལ་ཕན་པའི་མཛད་རྗེས་ཇི་ཙམ་འཇོག་ཡོད་པ་དང་ཁྱེད་ལ་སྔར་དེང་གི་ཤེས་ཡོན་མཐོ་ཚད་ཇི་ཙམ་ཡོད་པ་རེ་རེ་བཞིན་ཕྱིར་འདིང་རེ་རྒྱོབས། ད་ལྟ་ཁྱོད་བཀའ་ཁྲི་དང་སྤྱི་འཐུས་དེ་མིན་ཚོགས་སྡེ་བྱེ་བྲག་པའི་འགན་འཛིན་རེ་བྱེད་ཐུབ་པའི་འཇོན་ཐང་ཡོད་དང་མེད་རང་གིས་རང་ལ་ཞིབ་འཇུག་ནན་མོ་རེ་བྱོས་ཏེ་ད་གཟོད་གང་ཟག་གཞན་ལ་སློབ་སྦྱོང་ཡོད་མེད་དང་འཇོན་ཐང་ཡོད་མེད་བཅས་ཀྱི་ཐད་ལ་སྐྱོན་བརྗོད་རེ་གྱིས་དང་ཁྱེད་ཀྱི་རྩོམ་ཡིག་གིས་གང་ཟག་གཞན་གྱི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐུབ། དེ་མིན་ཁྱེད་ཀྱི་སྐད་ཆས་ཁྱེད་ལ་མཐོང་བརླགས་པའི་རྒྱུ་རུ་འདས་པ་མ་ཚད་གལ་སྲིད་ཁྱེད་ལྷ་རམས་པ་ཞིག་ཡིན་ན་ལྷ་རམས་མིང་གི་མཐོང་བརླགས་པའི་རྒྱུ་རུ་ཆགས་པ་ལས་མ་འདས། ཁྱེད་ལྷ་རམས་དངོས་གནས་ཡིན་ན་ལྷག་བསམ་དང་དྲང་བདེན་ལས་འབྲས་བཅས་ལ་ཡིད་ཆེས་དང་བརྩི་མཐོང་གནང་རོགས།།



བརྗོད་གཞི་གཞན་ཁག་ལ་གཟིགས།