མགུར་གླུ་སྙིང་གི་མུན་འཇོམ།

གླུ་ལེན་ངག་འགུག་མི་ཤེས་ཀྱང་།།
རྗེ་མི་ལ་བཞེད་པའི་རྡོར་རྗེ་དང།།
རྒྱལ་མཆོག་ཚངས་དབྱངས་དགེ་འདུན་གྲུབ།།
ལྕང་སྐྱ་གྲུབ་པའི་རྡོར་རྗེ་སོགས།།
མགུར་གླུ་བླངས་པའི་སྲོལ་ལ་བརྟེན།།
ངས་དེ་རིང་སྐྱིད་པའི་མགུར་གླུ་ལེན།།
གླུ་ལེན་ས་ཨ་ཕ་ཅོ་རི་དང།།
ངག་འགུག་ས་ཨ་ཁུ་རྒྱ་སྟུག་ཡིན།།
ཚིག་འཕེན་ས་ཨ་བོ་དགའ་དགའ་དང།།
དོན་གོ་ས་ཨ་བུ་འབྲུག་རྒྱལ་ཡིན།།
ནུབ་ཀླ་ཀློའི་ཡུལ་ནས་ཅོ་དགའ་གཉིས།།
བྱང་མི་ཁོམ་ཡུལ་གྱི་འབྲུག་རྒྱལ་གསུམ།།
བར་བལ་པོ་ཡུལ་གྱི་རྒྱ་སྟུག་བཞི།།
བློ་མ་གཡེང་རྣལ་འབྱོར་འགུར་ལ་ཉོན།།
ཆོས་ཟབ་མོ་རྟེན་འབྱུང་ལྟ་བ་དེ།།
ཐུགས་བརྩེ་བས་རྗེན་པར་བསྟན་མཛད་པའི།།
སྐྱབས་དྲིན་ཅན་རྩ་བའི་བླ་མས་མཁྱེན།།
འཁོར་འདས་ཀྱི་རང་བཞིན་སྟོང་ན་ཡང།།
སེམས་སྟོང་པའི་ངང་ལས་གླུ་འདི་ལེན།།
འཇིག་རྟེན་གྱི་བྱ་བཞག་བཏགས་ཙམ་ཡང།།
ཚིག་སླུ་མེད་རྟེན་འབྱུང་ངང་ནས་ལེན།།
བློ་རང་བཞིན་གསལ་བའི་ཞིང་ས་རུ།།
གནའ་དེང་གི་ཐོས་པའི་ས་བོན་བཏབ།།
ཕྱི་ནང་གི་སྐད་རིགས་ཆུ་ལུད་སྦྱར།།
རྣམ་དཔྱོད་ཀྱི་ཤེས་རབ་མྱུ་གུ་འཁྲུངས།།
ལྷ་རམས་ཀྱི་མཚན་འབྲས་ཁུར་དུ་ལྕི།།
བློ་རང་བཞིན་དྲང་བའི་ལྡིང་ཁང་ལ།།
དམངས་གཙོ་ཡི་ལྟ་བ་ལྕགས་རིས་བསྐོར།།
ཆོས་སྲིད་ཀྱི་ཟུང་འབྲེལ་རྩིག་པ་བརྩིག།།
གནའ་དེང་གི་ཤེས་ཡོན་ཀ་བ་བཙུགས།།
མཐོང་རྒྱ་ཡི་དཀར་ཁུང་སྒོ་མོ་དང།།
རྒྱལ་གཅེས་དང་ལ་རྒྱའི་ཐོག་ཁེབས་བཀབ།།
བློ་ཕྱོགས་རེས་མེད་པའི་མཁའ་དབྱིངས་སུ།།
རང་བཙན་གྱི་ལྟ་བའི་ཆུ་འཛིན་འཁྲེགས།
བདེན་གཏམ་གྱི་འབོད་སྒྲའི་འབྲུག་སྐད་ལྡིར།།
འཐེན་ཁྱེར་གྱིས་ནང་འཁྲུག་རླུང་བུས་དེད།།
པྱི་ནང་གི་རིག་གནས་སྦྲང་ཆར་འབེབས།།
མཐོ་སྒང་གི་སྨན་ལྗོངས་འཛིན་མ་རུ།།
གཞིས་བྱེས་ཀྱི་མཉམ་འཛོམ་འབྲུ་དྲུག་སྨིན།།
གནས་ཤམ་བྷ་ལ་ཡི་ཐང་ཆེན་དུ།།
ཚན་རིག་གི་གསར་བཏོད་རྟ་ཕོ་ལ།།
དྲྭ་རྒྱ་ཡི་གོང་སྨད་སྲབ་མདའ་སྤྲོད།།
གློག་ཀླད་ཀྱི་སྒ་སྟན་མཛེས་ཆས་སྤྲོས།།
རྩོམ་རིག་གི་བ་དོན་འཕྱར་བཞིན་དུ།
བོད་རིགས་ཀྱི་རྩ་དོན་རྒྱལ་ཁ་བླངས།།
ཆོས་འཇིག་རྟེན་བར་གྱི་རྣལ་འབྱོར་ང།།
ལས་བཟང་པོས་ཆོས་ལྡན་ཞིང་ལ་སྐྱེས།།
རྐྱེན་བཟང་པོས་དགེ་ལྡན་ལུགས་དང་འཕྲད།།
གླིང་བཟང་པོ་བློ་གསལ་བྱེ་བྱེ་བའི་གླིང།།
གྲོགས་བཟང་པོ་མཁས་མང་འབུམ་ཕྲག་དབུས།།
གཞུང་བཟང་པོ་ལྔ་རིག་རྒྱ་མཚོ་རུ།།
བློ་བཟང་པོ་རྣམ་དཔྱོད་ཤེས་རབ་ཀྱིས།།
དོན་བཟང་པོ་ཀླུ་སྒྲུབ་དགོངས་དོན་དེ་།།
ལྟ་བཟང་པོ་ཟླ་བས་བཀྲལ་བ་བཞིན།།
དོན་བཟང་པོ་གཞུང་དོན་ནོར་བུ་ལ།།
སྟོབས་བཟང་པོ་བརྩོན་འགྲུས་སྟོབས་བསྐྱེད་དེ།།
མཚན་བཟང་པོ་ལྷ་རམས་གོ་མིང་ཐོབ།།
ཆོས་མདོ་སྔགས་ལམ་གྱི་གདམ་ངག་རྙེད།།
སྐྱབས་དཀོན་མཆོག་གསུམ་ལ་ངེས་ཤེས་རྙེད།།
སེམས་རྨོངས་དད་ཞྭ་མོ་རྒྱང་དུ་བསྲེངས།།
བློ་ཐར་པའི་ལམ་སྣ་མ་ཟིན་ཀྱང།།
ཤི་དམྱལ་བར་འགྲོ་བསམ་ཞེ་ལ་མེད།།
ཨ་ལི་དགའ་ལ་མི་ལི་སྐྱིད།།
མགུར་དེ་རིང་ལེན་ག་དུས་ལེན།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༣༡༢༠༡༡༡༥༡༡
ཤར་ཕྱོགས་ཀྱི་འོད་སྣང་།
དངོས་གནས་ཉམས་མགུར་ཚད་ལྡན་ཞིག་ཐོལ་བྱུང་དུ་གྱེར་འདུག འོན་ཀྱང་། བློ་ཐར་པའི་ལམ་སྣ་མ་ཟིན་ཀྱང་།། ཤི་དམྱལ་བར་འགྲོ་བསམ་ཞེ་ལ་མེད།། ཅེས་པའི་ཚིག་འདིས་སྙིང་གི་མུན་པ་འཇོམས་པ་ཕར་ཞོག བསམས་ཤིང་བསམ་ན་སྙིང་དཀྱིལ་ནས་སྐྱོ་བའི་མུན་པ་འདྲེན་བྱེད་ཀྱི་ཉམས་མགུར་ཞིག་ནི་ཏན་ཏན་རེད་འདུག ཧེ་ཧེ། འདི་འདྲ་ཞིག་ཡིན་ན་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་སུ་གཏན་ལ་ཕབ་པའི་ལྟ་དགོངས་ཟབ་མོ་ལ་ཐོས་བསམ་གནང་སྟེ་ལྷ་རམས་པའི་ཆོ་ལོ་བླངས་མ་བླངས་ལ་ཁྱད་པ་ཞིག་ཅི་ཡོད། བློ་ཐར་པའི་ལམ་སྣ་མ་ཟིན་ཀྱང་། ཤི་དམྱལ་བར་འགྲོ་བསམ་ཞེ་ལ་མེད་ན། ད་དུང་ཐོས་བསམ་གྱིས་ཤེས་རབ་ལ་བརྟེན་ནས་ཐག་བཅད་པའི་ལྟ་བའི་དོན་ཐོག་ལ་སྒོམ་པ་རྒྱུན་སྲིང་གནང་དགོས་རྒྱུ་གལ་ཆེ། གལ་སྲིད་ཉམས་རྟོགས་ཀྱི་འབོགས་རེ་ཐོན་ན་ དེ་དུས་ལྕང་སྐྱ་རིན་པོ་ཆེ་དང་རྗེ་བཙུན་མི་ལའི་མགུར་འདྲ་བོ་ཞིག་མ་བསླབས་ཀྱང་ཐོལ་བྱུང་དུ་ཤེས་ཡོང་།



བརྗོད་གཞི་གཞན་ཁག་ལ་གཟིགས།