གནའ་དེང་རྟེན་འབྱུང་སྨྲ་བའི་སྐྱེས་མཆོག་གཉིས།།

nagarjunaམཐར་ཐུག་དངོས་པོའི་གནས་ལུགས་འབྱེད་པ་ལ།།
རྒྱལ་བའི་ལུང་གིས་བསྔགས་པའི་ཀླུ་སྒྲུབ་མཆོག།།
དངོས་ཁམས་ཕྲ་བའི་རྡུལ་རབ་འབྱེད་པ་ལ།།
རིག་གསར་ཀུན་གྱིས་བསྔགས་པའི་ཨིན་སི་ཊན།།
གནའ་དེང་རྟེན་འབྱུང་སྨྲ་བའི་སྐྱེས་མཆོག་གཉིས།།

རྒྱལ་བའི་གསུང་རབ་ལ་དྲང་ངེས་འབྱེད་པར་རྒྱལ་བ་རང་ཉིད་ཀྱི་ལུང་གིས་བསྔགས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རིག་པའི་ཚོགས་དྲུག་དང་ལྷག་པར་རྩ་ཤེས་ནས་ཕྱི་ནང་གི་དངོས་པོ་ཐམས་ཅད་འཇིག་རྟེན་ཐ་སྙད་ཀྱིས་ཕར་བཏགས་ཙམ་ལས་དོན་རང་གི་ངོས་ནས་རྡུལ་ཙམ་ཡང་མ་གྲུབ་པ་ནི་ཆོས་རྣམས་ཀྱི་གནས་སྟངས་མཐར་ཐུག་པ་དང་ཐུབ་པའི་དགོངས་པ་གོང་ན་མེད་པའང་དེ་ཡིན་པར་བསྟན་བཞེད་ནས། ཐ་སྙད་དུ་ཡོད་པ་ལ་ཡོད་གོ་ཆོད་པ་དང་དེ་ལ་ཚད་ཐུབ་ཏུ་མེད་ན་ཆད་མཐའ་རུ་ལྷུང་བ་དང། ཐ་སྙད་ཚད་མ་སོང་བ་ཙམ་གྱིས་མ་ཚིམ་པ་ཐ་སྙད་བཏགས་པའི་བཏགས་དོན་དེ་མཐའ་བདུན་དང་བཞི་ལ་སོགས་པས་དཔྱད་ནས་རྙེད་དགོས་པ་ཞིག་བསམ་ན་རྟག་མཐའ་རུ་ལྷུང་བས། དེ་ལྟ་བུ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ནི་ལྟ་བ་ཡང་རྩེར་སོན་པའང་ཆེས་ངོ་མཚར་ཆེ་བའི་གྲུབ་དོན་ཡིད་འཕྲོག་པའི་གནའ་བོའི་རིང་ལུགས་གཅིག་དང་།

ཡང་དེང་རབས་ཀྱི་རིག་གསར་བ་ཀུན་གྱི་གཙུག་རྒྱན་ཨིན་སི་ཊན་ (Einstein) ཞེས་པ་སྐྱེས་བུ་ཀླད་རྒྱ་ཅན་ཁོང་གི་སྔ་སྲོལ་གྱི་ཚན་རིག་ལས་ཆེས་འབུར་དུ་ཐོན་པ་རྡུལ་ཕྲ་རབ་ཀྱི་གནས་ལུགས་ཐོག་གྲུབ་དོན་སྙིང་པོ་ (quantum theory)ཞེས་པ་དེ་དང་སྟོས་གྲུབ་སྤྱི་དང་ (general relativity) དམིགས་བསལ་སྟོས་གྲུབ་(special relativity) སོགས་དུས་དང་ནམ་མཁའ་ (time and space) འོད་རླབས་སོགས་ཀྱི་མགྱོགས་ཚད་ (speed of light) ལ་སྦྱར་ནས་སྟོས་གྲུབ་ཀྱི་རྣམ་བཞག་ཆེས་ངོ་མཚར་ཆེ་བའི་གསར་རྙེད་བྱུང་བ་དང་ལྷག་པར་དུ་དངོས་གཟུགས་ཤིག་གི་ནུས་ཤུགས་འཚོལ་ཐབས་ཀྱི་མན་ངག་ (E=mc2) འདི་ནི་འཛམ་གླིང་ནང་ཁོང་གིས་བཞག་གནང་བའི་ཕྱག་རྗེས་ཡིད་འཕྲོག་བའི་གནས་ཞིག་རེད། མདོར་ན་མགོན་པོ་ཀླུ་སྒྲུབ་དང་ཁོང་གཉིས་ནི་ངེས་པ་དོན་གྱི་གནའ་དེང་གི་རྟེན་འབྱུང་སྨྲ་བའི་སྐྱེས་བུ་དམ་པ་གཉིས་ཡིན་ལ་གུས་པའི་ནམ་ཡང་ཡིད་སྨོན་སྐྱེས་ས་དང་བློ་སྒོ་གཏོད་ས་གཙོ་བོ་གཉིས་ཡིན། ཁྱེད་རྣམ་པས་བལྟས་ན་ཅི་མོ་རེད། དེ་ཨེ་བདེན་ནམ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།