ཚན་རིག་དང་ནང་པའི་དབར་གྱི་དཀའ་གནད།

ཁོ་བོས་དེ་རིང་སྐྱེ་དངོས་རིག་གསར་བ་རྣམས་ཀྱིས་དྲ་རྒྱ་མང་དག་ཅིག་ནང་འགྲོ་བ་མིའི་རིགས་ཀྱི།

ཀླད་པའི་སྐོར་ཕྱོགས་ཙམ་མཐོང་བས་འགྲེལ་བརྗོད་ལུང་པར་མི་ཤོང་བ་བྱེད་བཞིན་པའི་དུས་རབས།

གསར་པ་འདི་མཐོང་དུས་དེའི་སྐོར་རྣོ་བསམ་ཞིག་འཆར་ཚེ།

 

གཉིད་ཀྱང་མི་ཡོང་ལ་འགན་ཡང་མི་བཟོད་པའི་ཚོར་སྣང་ཞིག་འདུག

དེར་བརྟེན་ང་ཚོ་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་ཀྱང་འདིའི་སྐོར་འགྲེལ་བཤད་གཅིག་དགོས་པ་སྣང་ཡང་། མདོ་རྒྱུད་ཀྱི་གཞུང་དག་ལས་སྤྱི་བོར་བདེ་ཆེན་འཁོར་ལོ་ཟེར་བ་དང་། རག་པ་ལུས། ཕྲ་བ་རྩ། གཡོ་བ་རླུང་། བཀོད་པ་བྱང་སེམས་ཀྱི་ཐིག་ལེ་སོགས་ཀྱི་རྣམ་བཞག་ཙམ་ལས་དམིགས་བཀར་གྱིས་ཀླད་པར་འགྲེལ་བཤད་རྒྱས་པ་ཞིག་མ་མཐོང་ལ། ལུས་ཀྱི་ཆ་ཤས་ཚང་མར་རང་རང་གི་དམིགས་བཀར་གྱི་ལས་འགན་རེ་འདུག་པས།

ཀ་པ་ལའི་ནང་ལ་ཤ་ལྤགས་སྲབ་མོས་གཡོག་པའི་ཞོ་ལྟར་འབོར་ཆེན་ཁེངས་བསྡོད་པ་འདི་ཡི་བྱེད་ལས་གང་ཡིན་ནམ། སེམས་དྲུག་དང་སེམས་བྱུང་ང་གཅིག་མི་དགོས་པ་ཀླད་རྡུལ་རྐྱང་པས་འཐུས་རྒྱུའི་ཉེན་ཁ་ནི་ཆུང་ཆུང་ཞིག་གཏན་ནས་མིན། རྣོ་བསམ་ཐོངས༑

རིག་གསར་བས་རྙེད་དོན་མདོར་བསྡུས་ན་ཀླད་པ་ནི་མིའི་གཙོ་འགན་ཆེ་ཤོས་དང་ཚད་འཛིན་བྱེད་གཏེ་ཞིག་ཡིན་པ་བཤད་པ་ནི་ཡོངས་གྲགས་ལྟར་ཚང་མས་མཁྱེན་གསལ་ལ། གཙོ་འགན་དང་ཚད་འཛིན་བྱེད་ཚུལ་ནི་ཀླད་པར་ཆ་བཞིར་ཕྱེ་ནས་མདུན་ངོས་དེས་གཙོ་བོ་བསམ་བློའི་འཆར་སྣང་དང་དྲན་འཛིན་བྱེད་མཁན་དང་ཆ་གཞན་རྣམས་ཀྱིས་འགུལ་བསྐྱེད་དང་སྐད་བརྡ་སོགས་ལུས་ཀྱི་ཆ་ཤས་རྣམས་ལ་གློག་རྡུལ་དང་རྫས་སྦྱོར་ཐོག་ནས་བརྡ་འཕྲིན་གཏོང་ལེན་བྱེད་པ་བཅས་བཤད་པ་འདི།

ཡིད་ཀྱི་ཀུན་སློང་ལ་མ་ལྟོས་པ་ཀླད་རྡུལ་རྐྱང་པས་དབང་རྩ་མ་ལག་ཡོངས་རྫོགས་ལ་རྫས་སྦྱོར་དང་གློག་ནུས་ཐོག་ནས་བྱ་བ་བྱེད་ཐུབ་ན་ནི་འགྲོ་བ་རྣམས་རྡུལ་ཙམ་ལ་བརྟེན་པའི་བེམ་གཟུགས་ཀྱང་པ་ཅན་དུ་གྱུར་ན་ཚེ་སྔ་ཕྱི་དང་ལས་འབྲས་སོགས་འཇོག་ས་མེད་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དོན་མེད་དུ་འགྱུར། ཡིད་ཀྱི་ཀུན་སློང་ཞེས་ཀླད་པའི་གནས་སྟངས་ལས་ངོ་བོ་ཐ་དད་ཅན་ཞིག་ཡོད་ནས་དེས་

ལུས་ངག་གཉིས་ལ་ཚད་འཛིན་བྱེད་ཀྱི་རེད་ཟེར་ན་ཀླད་རྡུལ་ཆ་བགོས་ཀྱིས་ལུས་ངག་ཚད་འཛིན་བྱེད་ཀྱི་ཡོད་པ་ནི་རིག་གསར་བས་མངོན་སུམ་དུ་གྲུབ་ཟིན་པས་དེ་མ་རེད་ཅེས་བཤད་ན་ནི་རང་ཉིད་ཉམས་པའི་རྒྱུ་ལས་མ་འདས། རྟོག་གེ་བ་ཁ་ཤས་ནས་ཡིད་ཀྱི་རྣམ་ཤེས་ཀྱིས་བྱ་བ་བྱས་པའི་ལག་རྗེས་ཞིག་ཀླད་པའི་སྟེང་འཇོག་ཡོད་པས་དེ་ཚན་རིག་པས་མཐོང་པ་རེད་ཟེར།

ཡང་འགའ་ཞིག་ནས་ལུས་ངག་དབང་སྒྱུར་བྱེད་མཁན་གཙོ་བོ་ཡིད་ཀྱི་རྣམ་ཤེས་ཡིན་ཡང་དེས་ཀླད་པ་ལ་མ་བརྟེན་པ་བྱེད་མི་ནུས་པས་དེ་གཉིས་ཟུང་འབྲེལ་གྱིས་ལུས་ངག་སྐུལ་མ་བྱེད་ཀྱི་ཡོད་ཀྱང་ཚན་རིག་པས་རྣམ་ཤེས་མ་མཐོང་ཀླད་པ་ཙམ་མཐོང་བ་རེད་ཟེར་མོད་ཀྱང་དེ་དག་ནི་ཚན་རིག་པས་རྙེད་པའི་མངོན་སུམ་ཚད་གྲུབ་དེ་འགོག་སྟབས་མ་བདེ། རང་གི་དད་འདུན་བྱེད་སའི་ལྟ་གྲུབ་གློད་མ་ཐུབ་ནས་བྲོས་སའི་ལམ་བུ་འཚོལ་བའི་ཐབས་ཙམ་ལས་དོན་ཕན་ལྡན་པའི་ལེགས་བཤད་ཅིག་མ་མཐོང་ངོ་།

མདོར་ན་རྣམ་ཤེས་ཞེས་ཀླད་རྡུལ་ལས་རྫས་དང་ངོ་བོ་མི་གཅིག་པ་ཞིག་གནས་སྐབས་ཙམ་ལས་བེམ་གཟུགས་རག་པར་མི་བརྟེན་པ་ཐོག་མེད་ཀྱིས་ཚེ་སྔ་ཕྱི་ལ་རྒྱུ་བ་བྱེད་མཁན་ཞིག་ཡོད་མེད་ལ་ཐུག་འདུག་པས་གཙོ་བོ་འདིའི་ཐོག་ནས་བཤད་དགོས་པ་ལས་གཞན་དུ་མི་སྣང་བས་རྣམ་ཤེས་སྐོར་རྗེས་མར་འབྲི་དགོས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།