བོད་གཞུང་གི་ཡིག་ཆའི་ནང་ཁམས་པ་ཇག་པ་གཏོར།

དེ་རིང་ཕྱི་དྲོ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་གྱི་ཇ་ཁང་ཞིག་གི་ནང་ཇ་མངར་མོ་བཏུང་ཞོར་རོགས་པ་འགའ་དང་ལྷན་དུ་ལོ་རྒྱུས་སོགས་སྐད་ཆ་འདྲ་མིན་ཤོད་བཞིན་པའི་སྐབས་དེར། ཕ་དྲུག་ཉི་མ་རྒྱལ་པོ་ལགས་དེར་ཕེབས་སོང་།

 

ཁོ་ལ་ང་ཚོས་ཆུ་སྒང་གི་གནས་ཚུལ་འགའ་དྲིས་ཀྱང་ལན་འདེབས་མ་སོང་། འོན་ཀྱང་ཁོང་གིས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཟིན་བྲིས་བཏབ་པའི་ལོ་རྒྱུས་རྣམས་རྒྱས་པར་གསུངས་སོང་། སྲིད་དོན་རྒྱལ་རབས་ནི་ཞྭ་སྒབ་པས་ཐོག་མར་དབྱིན་ཡིག་ཐོག་བྲིས་པའི་ཤོག་ལྷེ་༢༨༠ ཡོད་པ་ཞིག་རྡོ་རྗེའི་གླིང་ར་ཏོ་པར་ཟེར་བའི་ས་ཁུལ་དུ་ཡབ་གཞིའི་དྲུང་ཡིག་བཀྲ་ཤིས་ལགས་དང་། ༼ཁོང་ཕ་ཡུལ་ལྷོ་ཁ་ནས་ཡིན་ཞིང་སྐུ་ངོ་རྒྱ་ལོ་དོན་འགྲུབ་ཀྱིས་ཆེད་དུ་ཕྱག་ལས་དེ་གནང་བཅུག་འདུག༽ ཡབ་གཞི་ལྟོ་ཚང་ནང་ཡོད་པའི་ཉི་མ་རྒྱལ་པོ་ལགས། འབའ་པ་ཡེ་ཤེས་ཀྱི་ཚ་བོ་བློ་བཟང་ཡེ་ཤེས་༼སྐབས་དེ་དུས་འབའ་པ་ཡེ་ཤེས་ཀྱི་རྙོག་དྲ་དེ་བྱུང་མེད་པ་རེད༽ བཅས་ཁོང་གསུམ་པོས་བོད་ཡིག་ཐོག་ཕབ་ནས་རྩོམ་སྒྲིག་གནང་ཡོད་འདུག དེ་དང་ལྷན་དུ་སྐུ་ངོ་རྒྱ་ལོ་དོན་འགྲུབ་ཀྱིས་བོད་གཞུང་གི་ཡིག་ཆ་སྒམ་ནག་པོ་ཀོ་བས་ཤན་བརྒྱགས་པ་ཞིག་གི་གང་ཡོད་པ་དེ་རྒྱལ་རབས་ཀྱི་བར་དུ་ཚགས་བཅུག་པ་རེད་ཟེར། བཀྲ་ཤིས་ལགས་ནི་དབྱིན་ཡིག་ཧ་ཅང་མཁས་པ་ཡིན་སྟབས་ཁོང་གིས་དབྱིན་ཡིག་ཐོག་ཟིན་བྲིས་དེ་བཀླགས་རྗེས་ཉི་མ་རྒྱལ་པོས་བོད་ཡིག་ཐོག་ཟིན་བྲིས་བཏབ། དེ་ལ་བློ་བཟང་ཡེ་ཤེས་ཀྱིས་ཞུ་དག་བྱས་པ་རེད་འདུག  མ་ཡིག་དེ་ཡང་བྱ་སྒབ་པ་རང་གིས་བཏབ་པའི་ཟིན་བྲིས་ཤིག་མིན་པ་དབྱིན་ཇིའི་མཁས་པ་ཞིག་གིས་ཟིན་བྲིས་བཏབ་པ་ཞིག་ཡིན་པ་རེད། དེར་ཡབ་གཞི་ཚང་གིས་འགྲོ་གྲོན་བཏང་ནས་ཉིན་རེ་ཤོག་ལྷེ་ཉི་ཤུ་ཙམ་བྲིས་པ་ཡིན་ཟེར། བོད་གཞུང་གི་ཡིག་ཆ་རྣམས་གཞུང་གི་དམ་ཕྲུག་བརྒྱགས་པ་ཤ་སྟག་རེད་འདུག དེའི་ནང་ཡིག་ཆ་ཡག་སྡུག་གང་ཡོད་ཚང་མ་བྲིས་པ་ཡིན། ཡིག་ཆ་གཅིག་གི་ནང་ཆུ་བཞི་སྒང་དྲུག་གིས་ཤེལ་དཀར་ཆོས་སྡེའི་ནང་ཡོད་པའི་དམག་མི་ལྔ་བརྒྱའི་གོ་ལག་ཆ་རྣམས་གནང་རོགས་ཞུས་པའི་ལན་དུ། དེ་ནི་བོད་བསྟན་པ་ཆབ་སྲིད་སྲུང་སྐྱབས་ཀྱི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ལས་ཁྱེད་ཚོ་ལ་སྤྲོད་ན་མི་འགྲིག་ཚུལ་འཁོད་འདུག་ཟེར། ལྷག་པར་དུ་ཡིག་ཆ་ཞིག་གི་ནང་ཁམས་ཇག་པ་གཏོར་ཟེར་བའི་བཀའ་ཤག་གི་དམ་ཕྲུག་དང་བཅས་པ་འདུག་ཟེར། ངས་འོ་ན་དེ་ཚོ་སྲིད་དོན་རྒྱལ་རབས་ནང་དུ་གསལ་མི་འདུག་ལབ་པར། ང་ཚོས་བྲིས་ཡོད་འོན་ཀྱང་རྡ་རམ་ས་ལ་སླར་ཡང་བཟོ་བཅོས་བརྒྱགས་འདུག ང་ཚོ་བྲིས་པ་ནི་དེབ་གཅིག་ལས་མེད། རྗེས་མ་རྡ་རམ་ས་ལ་ནས་པར་བསྐྲུན་བྱས་རྗེས་དེབ་ཆེ་ཐག་ཆོད་གཉིས་ཆགས་འདུག ང་ཚོ་ཡང་ཧང་བསམ་སོང་ཅེས་དང་། དེ་ནས་ཡང་། ང་ཚོས་རྩོམ་སྒྲིག་གི་ལས་ཀ་དེ་ཚར་སྐབས་ཐུགས་སྤྲོད་ཞིག་བཏང་པ་ཡིན། སྐབས་དེའི་དུས་དྲུང་ཡིག་ལྷ་མོ་ཚེ་རིང་གིས། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ནི་དགེ་འདུན་ཆོས་འཕེལ་གྱི་ཡིག་ཆ་རྐུ་མ་བརྒྱགས་པ་རེད་ཟེར་སོང་། དེར་ངས། ང་ཚོར་བོད་གཞུང་གི་ཡིག་ཆ་སྒམ་གང་གནང་སོང་དེའི་ནང་དུ་དགེ་ཆོས་ཀྱི་ཡིག་ཆ་ནི་མི་འདུག་ཡིག་ཆ་ཚང་མའི་སྒང་ལ་བོད་གཞུང་གི་དམ་ཕྲུག་བརྒྱགས་འདུག་ལབ་པ་ཡིན་ཟེར།

སྐབས་དེའི་དུས་བློ་བཟང་ཡེ་ཤེས་ཀྱིས། རྒྱ་མི་ཡིས་བོད་ཟོས་པ་རེད། བོད་གཞུང་གི་ཡིག་ཆའི་ནང་ཁམས་པ་ཇག་པ་གཏོར་ཟེར་ནས་འཁོད་འདུག དེ་འདྲའི་མཁྱེན་ཚ། ལབ་སོང་ཟེར། བོད་གཞུང་གི་ཡིག་ཆ་དེ་དག་ནི་སྤྱི་ལོ་༡༩༥༧ལོར་སྐུ་ངོ་རྒྱ་ལོ་དོན་འགྲུབ་ཀྱིས་ཡིག་ཆ་སོགས་རྟ་ཁལ་༢༢ཙམ་ཞིག་ཀ་སྦུག་ཏུ་དབོར་བཅུག་པའི་ནང་སླེབས་པ་རེད། དེ་དག་ནི་ཀླུ་དབང་ཕུད་ནས་ཟུར་ཁང་པ་བཀའ་བློན་ལ་བསྐོས་བའི་བར་མཚམས་སུ་ཡབ་གཞིའི་སྐུ་སྲུང་དམག་མི་ཚོས་ཡིག་ཆ་དེ་དག་རྐུ་མ་བརྒྱགས་ནས་རག་པ་རེད། རྐུ་མ་རྒྱག་མཁན་ནི་སྐུ་སྲུང་བ་རྫུན་མ་དེ་འདྲའི་མ་རེད་ཟེར།

སྤྱི་ལོ་༡༩༦༦ལོར་སྲིད་དོན་རྒྱལ་རབས་རྩོམ་སྒྲིག་གྲུབ་རྗེས་ཞྭ་སྒབ་པ་སྐུ་ངོ་མའི་སར་བཅར་སྐབས། ཁོང་ནི་ཧ་ཅང་རྒས་སྟབས་སྲིད་དོན་རྒྱལ་རབས་རྩོམ་སྒྲིག་ཚར་ལུགས་ཞུ་པ་ཡིན་ནའང་གང་ཡང་གོ་མཁན་ཞིག་རེད་མི་འདུག བཀྲ་ཤིས་ལགས་ཀྱིས་གང་ཡང་ཞུས་མ་སོང་། སྦྱིན་བདག་གིས་མ་ཞུས་ཙང་ང་ཚོས་བྱུས་ཏོག་བྱས་ནས་ཞུས་མེད་ཟེར།

ད་དུང་ཁོང་གིས་བྱ་སྒབ་པ་ཁོང་རང་གིས་སྲིད་དོན་རྒྱལ་རབས་རྩོམ་སྒྲིག་བྱས་རྗེས་ཕལ་ཆེ་མཐོང་ཡོད་རྒྱུ་མ་རེད་ཟེར།

ངས་ཁོང་ལ་ཡང་བསྐྱར་། སྲིད་དོན་རྒྱལ་རབས་ལས། ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་ཁམས་པ་ཚོས་རྒྱ་མི་ལ་བོད་ཀྱི་ས་ཞིང་བསྒྱུར་བཅོས་བརྒྱག་མི་ཆོག་ཟེར་བའི་ངོ་རྒོལ་བྱས་རབས་སོགས་བཀོད་འདུག ཨ་འབྲུག་སྦྱིན་བདག་གི་དམིགས་ཡུལ་ནི་དེ་འདྲའི་མ་རེད་པཱ། དེ་སྲིད་དོན་རྒྱལ་རབས་ནང་ཡོད་པ་ཞིག་རེད་དམ། ཁྱེད་ཚོས་བྲིས་པ་རེད་ཟེར་དུས། དེར་ཁོང་གིས། ང་ཚོས་མི་ལ་ཕོག་ཐུག་གཏོང་ཡག་དེ་འདྲའི་རིགས་བྲིས་མེད། དེ་འདྲའི་བྲིས་ཡོད་མ་རེད། སྐབས་དེར་འབའ་པ་བློ་བཟང་ཡེ་ཤེས་ནི་ཆུ་སྒང་གི་མི་རེད། ཁོང་གིས་དེ་འདྲའི་རིགས་ཁྱོན་ནས་བཞག་གི་མ་རེད། དེ་ཚང་མ་རྡ་རམ་ས་ལ་བཟོ་བཅོས་བརྒྱགས་པ་རེད་ཟེར།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༣༢༠༡༩༠༧༣༧
སུ་ཇ་ཏ།
སྲིད་དོན་རྒྱལ་རབ་ཀྱ་མ་ཕྱི་རྩིས་དཔོན་ཞྭ་སྒབ་པས་བྱང་ཆ་ཡོད་པའི་བོད་ཡིག་ཐོག་མ་བྲིས་པར་དབྱིན་ཡིག་ཏུ་ཤོག་ལྷེ་ཉིས་བརྒྱ་བརྒྱད་ཅུ་བྲིས་ཟེར་བ་ན་མི་བདེན་རྫུན་སྒྲིག་ལས་གཞན་རྒྱུ་མཚན་གང་ཡང་མ་མཐོང་ངོ་།



བརྗོད་གཞི་གཞན་ཁག་ལ་གཟིགས།