ལྷ་བཤད་ལེའུ་ཅན་མ།

ལྷ་བཤད་ལེའུ་དང་པོ།
ལྷ་ཞེས་པའི་ཚིག་དེ་དོན་ཆེན་ཡིན། །
ལྷ་དཀོན་མཆོག་ཡིད་ཆེས་ཡོད་ཙ་ན། །
ལྷ་ཆོས་སྐྱོང་སྲུང་མ་གྲོགས་ལ་འཁོར། །
ལྷ་བླ་མའི་བྱིན་རླབས་བདུད་རྩི་འབྱུང་། །
ལྷ་མཐུ་བོའི་འཕྲིན་ལས་རྒྱུན་མི་ཆད། །
ལྷ་ཇོ་བོ་རང་གི་སྐྱབས་གནས་ཡིན། །
ལྷ་དབང་ཕྱུག་འདོད་པའི་གྲོགས་པོ་སྟེ། །
ལྷ་ཚངས་སྲས་ངག་གི་དབང་ཕྱུག་ཉིད། །
ལྷ་རྣམ་སྲས་ནོར་གྱི་བདག་པོ་ཡིན། །
ལྷ་མཉེས་ན་ཆར་ཆུ་ལོ་ཏོག་འཕེལ། །
ལྷ་དགའ་ན་དངོས་གྲུབ་ཐམས་ཅད་འབྱུང་། །
ལྷ་ཁྲོས་ན་གེགས་དང་བར་ཆད་འཕྲད། །
ལྷ་བཤད་ལེའུ་གཉིས་པ།
ལྷ་ཕྱག་ན་པད་མོ་གདུལ་ཞིང་དུ། །
ལྷའི་སྤྲུལ་པ་སྤྲེའུ་དང་བྲག་སྲིན་འདུས། །
ལྷ་ཡུལ་ནས་བོད་ཀྱིས་རྒྱལ་པོ་བསྐོས། །
ལྷ་རིགས་ལས་བོད་ཀྱི་གདུང་རྒྱུད་མཆེད། །
ལྷ་ཆོས་ལས་བོད་ཀྱི་རིག་གཞུང་འཕེལ། །
ལྷ་སྒྲུང་ལས་བོད་ཀྱི་སྙན་ངག་དར། །
ལྷ་བཤད་ལེའུ་གསུམ་པ།
ལྷ་བཙན་པོ་སྲོང་བཙན་སྒམ་པོའི་དུས། །
ལྷ་ཇོ་བོ་བོད་དུས་གདན་དྲངས་ནས། །
ལྷ་ལྡན་གྱི་གཙུག་ཁང་ཆེན་བཞེངས། །
ལྷ་དཀོན་མཆོག་གསུམ་གྱི་རྟེན་རྣམས་བཙུགས། །
ལྷ་སྡེ་དང་མི་སྡེའི་འབངས་རྣམས་ལ། །
ལྷ་ཡུལ་ལས་ལྷག་པའི་བདེ་སྐྱིད་བསྐྲུན། །
ལྷ་ས་རུ་བོད་ཀྱི་རྒྱལ་སྲིད་སྐྱོངས་། །
ལྷ་བཙན་པོས་འཇོན་པའི་དུས་རབས་རེད། །
ལྷའི་སྤྲུལ་པ་རྒྱལ་བློན་བྱང་སེམས་ཀྱིས། །
ལྷ་ཨོ་རྒྱན་པད་མ་བོད་དུ་དྲངས། །
ལྷ་སྲིན་པོ་ཐམས་ཅད་དབང་དུ་བསྡུས། །
ལྷ་ཆོས་ཀྱི་བསྟན་པ་བོད་དུ་དར། །
ལྷ་བཤད་ལེའུ་བཞི་པ།
ལྷ་ཡུལ་ནས་བོད་ལ་ལུང་བསྟན་མཛད། །
ལྷ་སྲིད་རྣམས་མ་ཞི་དྲག་ཏུ་ཁྲོས། །
ལྷ་དམག་དང་རྒྱ་དམག་དྲག་ཏུ་འཐབ། །
ལྷ་ས་རུ་ཁྲག་གི་རྒྱ་མཚོ་འཁྱིལ། །
ལྷ་རྟེན་དང་དགོན་སྡེ་ཡོངས་སུ་བཅོམས། །
ལྷ་མེད་དང་འདྲེ་མེད་སྨྲ་བ་མང་། །
ལྷ་མི་ཡི་རྣམ་འདྲེན་བྱེས་སུ་བྱོལ། །
ལྷ་སྡེ་དང་མི་སྡེ་སྡུག་གིས་མནར། །

ལྷ་བཤད་ལེའུ་ལྔ་པ།
ལྷ་རྟེན་དང་དགོན་པ་ཞིག་གསོ་བྱས། །
ལྷ་ས་རུ་ཆོས་སྡེ་སླར་ཡང་བཙུགས། །
ལྷ་གསོལ་དང་ཀླུ་གསོལ་གང་སར་འཕེལ།
ལྷ་ཀླུ་ཡི་གནོད་འཚེ་བྱེད་མཁན་མང་། །
ལྷ་སྐུ་དང་ཐང་ཀ་ཚོང་ལ་བྲིན། །
ལྷ་སྲུང་གི་རྙོག་གཞི་ཇེ་ཆེ་སོང་། །
ལྷ་ཆོས་དང་མི་ཆོས་གཅིག་ཏུ་འདྲེས། །
ལྷ་ཁང་རྣམས་འགྲེམས་སྟོན་ཁང་དུ་གྱུར། །
ལྷ་སྐུ་རེའི་འགྲམ་ན་དམག་མི་རེ། །
ལྷ་གཉེར་རེའི་རྒྱབ་ལ་སོ་པ་རེ། །
ལྷ་ལྡན་གྱི་ཞིང་ཁམས་དམག་གིས་ཁེངས། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།