བལ་ཡུལ་གྱི་དགོན་པ་རྣམས་ཚོང་ར་རེད་དམ།

འདི་ནི་ངས་བཟོས་པའི་ཁ་བྱང་ཞིག་མ་ཡིན་ལ། འདི་བལ་ཡུལ་གྱི་བརྙན་འཕྲིན་དང་ཚགས་པར་ཐོག་ཐོན་པའི་དྲི་བ་ཞིག་ཡིན། དེར་ལ་ལས་བལ་ཡུལ་གྱི་དགོན་པ་དག་ནི་ཚོང་ར་ཞིག་ལས་སློབ་གཉེར་གྱི་ར་བ་མིན་ཚུལ་དང་། ལ་ལས་དེ་སློབ་གཉེར་གྱི་ར་བ་ཞིག་ལ་ཁེ་ཡོད་ཀྱི་ཚོགས་པ་མིན་རབས་སོགས་འདོད་ཚུལ་ཅི་རིགས་ཡོད།

ན་ནིང་བལ་ཡུལ་གཞུང་གི་དགོན་པ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་ཉི་མ་དོན་འགྲུབ་ལ་གསར་འགོད་པས་༼བལ་ཡུལ་གྱི་དགོན་པ་རྣམས་ཚོང་ར་རེད་དམ༽ཞེས་དྲི་བ་འདི་དྲིས་ཚེ། ཁོང་གིས་དེར་ཕལ་ཆེ་ཡིན་རྒྱུ་རེད། གང་ཡིན་ཟེར་ན་བལ་ཡུལ་གྱི་དགོན་པ་རྣམས་ཀྱི་དབུ་འཛིན་ནི་བོད་པ་ཤ་སྟག་རེད་ཅེས་ལན་བཏབ་ཡོད། དེ་ལ་ངོ་མ་བོད་པས་ངོས་ནས་བསམ་བློ་ཞིག་ངེས་པར་དུ་གཏོང་དགོས་པར་ཆགས་ཡོད།

དགོན་པ་ཕལ་མོ་ཆེ་ནི་སློབ་གཉེར་གྱི་ར་བ་རང་ཡིན། འོན་ཀྱང་དགོན་པ་ལ་ལ་ནི་ངོ་མ་ཚོང་ར་རེད་ཟེར་ན་མི་ཆོག་པ་གང་ཡང་མ་རེད། ཐེངས་གཅིག་ངའི་གྲོགས་པོ་དགེ་བཤེས་ལགས་ཤིག་བལ་ཡུལ་ཁུལ་དུ་དགོན་པ་ཞིག་གི་དཔེ་ཁྲིད་དགེ་རྒན་བྱས་ནས་སྡོད་པ་རེད། ཁོང་ལོ་གཉིས་ཀྱི་རྗེས་སུ་རྒྱ་གར་དུ་མར་ཕེབས་དགོས་རབས་དགོན་བདག་བོད་པའི་བླ་མ་ཞིག་ཡོད་པ་དེར་ཞུ་དུས། བླ་མས་ཁོང་ལ་ཁྱེད་མར་མ་ཕེབས་རོགས་གྱིས། གལ་ཏེ་ཁྱེད་མར་ཕེབས་པ་ཡིན་ན་ང་ཚོའི་དགོན་པའི་ནང་དགེ་རྒན་ཡག་པོ་ཞིག་རག་གི་མི་འདུག་གསུངས་དུས། དེར་དགེ་བཤེས་ལགས་ཀྱིས། དགོན་པའི་ནང་དགེ་རྒན་མ་རག་པའི་ཐུགས་ཁྲེལ་བྱེད་མི་དགོས། ཁྱེད་ལ་དགེ་རྒན་དགེ་བཤེས་དགོས་ན་འདྲ། སློབ་གྲྭ་ཆེ་ཁག་ཐོན་པའི་དབྱིན་ཡིག་གི་དགེ་རྒན། ཡང་ན་ས་རྙིང་སོགས་ཀྱི་བཤད་གྲྭ་ནས་ཐོན་པའི་མཁན་པོ། ཡང་ན་ཝཱ་རྭ་ཎ་སི་སོགས་བོད་ཀྱི་མཐོ་སློབ་ཁག་ནས་ཐོན་པའི་བོད་ཡིག་དགེ་རྒན་སོགས་གང་དགོས་ནའང་ངས་ཁྲིད་ཡོང་ཆོག འོན་ཀྱང་དགེ་རྒན་དགོས་པ་ནམ་བཞིན་གླ་ཆ་ཡང་སྤྲོད་དགོས་ཀྱི་ཡོད་རེད། གླ་ཆ་སྤྲོད་མི་དགོས་པའི་དགེ་རྒན་ཞིག་གང་ནས་རག་གི་རེད་ཅེས་ཞུས་འདུག

དགེ་བཤེས་ལགས་ཀྱིས་གསུངས་པ་ནམ་བཞིན་རེད། བལ་ཡུལ་གྱི་དགོན་སྡེ་ཁག་ཏུ་དགེ་རྒན་བྱེད་མཁན་ཧ་ཅང་མང་པོ་ང་དང་འབྲེལ་བ་ཡོད། ཕལ་མོ་ཆེ་གྲྭ་ས་ནས་ཕེབས་པའི་གླ་སྤྲོད་མི་དགོས་པའི་དགེ་རྒན་རྐྱང་རེད། དེར་སློབ་ཁྲིད་གནང་མཁན་བོད་ཡིག་དགེ་རྒན་མང་པོ་ཞིག་ལ་གླ་ཆ་ཟླ་རེ་ལ་བལ་སྒོར་བཞི་སྟོང་ནས་ལྔ་སྟོང་དབར་རེད་འདུག  ད་དུང་དགོན་པའི་ནང་རྒྱ་ཡིག་སློབ་ཚན་དང་། དྲག་རྩལ་སློབ་ཚན་སོགས་དགོས་མེད་ཀྱི་སློབ་ཚན་མང་པོ་ཞིག་ཡོད། བལ་ཡུལ་གྱི་དགོན་སྡེ་དེ་དག་གིས་དགེ་རྒན་གྱི་ཆེད་དུ་ཕོགས་དངུལ་སྤྲོད་མི་ཐུབ་པའི་དགོན་པ་རྩ་བ་ནས་ཡོད་མ་རེད། དགོན་པའི་མགྲོན་ཁང་དང་། མདུན་གྱི་མེ་ཏོག་ལྡུམ་ར་སོགས་ཧ་ལམ་ཕོ་བྲང་ཞིག་དང་གཉིས་སུ་མེད། བླ་མ་ཚོས་གྲྭ་པ་ཁོ་ཚོ་ས་མཚམས་ཁག་ནས་སླེབས་པའི་ཧི་མཱ་ལ་ཡའི་མི་རིགས་རྐྱང་རེད། དེར་སློབ་སྦྱང་སྤྲོད་མ་སྤྲོད་ཡོད་མ་རེད་དགོངས་པ་དང་། གྲྭ་པ་ཚོས་ཀྱང་གནས་སྐབས་ཕྱི་རྒྱལ་ལ་མ་སླེབས་བར་སྡོད་ས་ཙམ་ལས་གཏན་སྡོད་ཀྱི་གནས་ཤིག་མི་བསམ་པའི་བར་ཐག་རིང་པོ་དེ་གཏན་གཏན་སླེབས་ཀྱི་ཡོད་པ་འདྲ། ད་དུང་དགོན་པའི་ནང་གྲྭ་བཙུན་དམ་ཚིག་མ་གཙང་པ་རྣམས་རྒྱབ་རྟེན་ཤུགས་ཆེ་ཆུང་དབང་གིས་གཙང་མ་བྱེད་མ་ཐུབ་པ་དང་། དགེ་བརྐོས་ལ་ལས་དེ་གཙང་བསལ་བྱས་སྟབས་དེ་དག་གིས་ཉེན་རྟོག་པ་ཁྲིད་ནས་དགེ་བརྐོས་ཀྱི་ལག་ཁྱེར་རྩད་གཅོད་བྱས་པ་སོགས་བཀྲ་མ་ཤིས་པའི་གཏམ་རྒྱུད་མང་པོ་ཞིག་གོ་རྒྱུ་ཡོད། ད་དུང་དགོན་པའི་ནང་མཚོན་ཆ་ཡོད་ལུགས་དང་། དགོན་པའི་འདུ་ཁང་ནང་གི་སྐུ་འདྲ་ཆེན་པོ་དེ་དག་གི་འོག་ཏུ་མཚོན་ཆ་ཡོད་པའི་དོགས་པ་ཡོད་པས། སྐུ་འདྲ་དེ་དག་གཏོར་ནས་བརྟག་དཔྱད་བྱེད་དགོས་ལུགས་སོགས་ཀྱི་བསམ་འཆར་བཏོན་མཁན་ཡོད་པ་ནི་ཉུང་ཉུང་མིན། བོད་པའི་བླ་མ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་དང་། མི་རིགས། ཡུལ་གྱི་གནས་སྟངས་སོགས་དུ་མ་ལ་གཞིགས་ནས་གཏན་གཏན་ཕྱག་ལས་ཡག་པོ་གནང་དགོས་པ་ཞིག་ཡོད་མོད། བླ་མ་ལ་ལས་དགོན་པ་ཟེར་ཡང་དགོན་པའི་ནང་སྐྱེས་དམན་སྡོད་དགོས་པ། སྐྱེས་དམན་ལ་གཡོ་མོ་དགོས་པ། སྲས་རྣམས་སྤྲུལ་སྐུ་བཟོ་བ། སྤྲུལ་སྐུ་དེ་ཡང་དགེ་སློང་ཞིག་མིན་པ་དེར་བདག་མོ་མི་ཚང་ཆེན་པོ་ཞིག་གི་བུ་མོ་དགོས་པ། སྤྲུལ་སྐུ་དེ་དག་གིས་རྒྱུན་དུ་གྲྭ་ཆས་གྱོན་ཞིང་རིན་ཐང་གཞལ་དུ་མེད་པའི་རླངས་འཁོར་ནང་དུ་བདག་མོ་དང་མཉམ་དུ་ཆིབས་བསྒྱུར་སྐྱོངས་བ་སོགས། འཇིག་རྟེན་མི་ལ་མཁོ་ཡང་དམ་པའི་ཆོས་ལ་མི་མཁོ་བའི་གནས་ཚུལ་མང་པོ་ཞིག་རྒྱུན་དུ་མཐོང་རྒྱུ་ཡོད། ང་ཚོ་ཆོས་ཁས་ལེན་གྱིས་དེ་ལ་དགག་པ་གང་ཡང་བརྒྱག་མི་ཤེས་ལ། གལ་ཏེ་དགག་པ་བརྒྱགས་པ་ཡིན་ནའང་དགག་པ་རྒྱག་མཁན་དེ་ལྟ་ལོག་དང་། བསྟན་དགྲ རྒྱ་དམར་གྱི་སོ་པ་བཅས་ནི་སྐད་ཅིག་ཉིད་ལ་ཆགས་ངེས། འོན་ཀྱང་ཆོས་ཁས་མི་ལེན་པ་ཞིག་གིས་བླ་མ་དེ་དག་ལ་ལྟ་ཚུལ་ནི་དེ་འདྲ་བ་ཞིག་ཁྱོན་ནས་མ་རེད།

ན་ནིང་རྒྱ་གར་གྱི་དགོན་པ་ཞིག་ཏུ་ཤར་ཁུམ་པོ་ནས་ཕྲུ་གུ་འགའ་གྲྭ་རྒྱུན་དུ་ཁྲིད་སྟབས། བལ་ཡུལ་གྱི་ཚགས་པར་ཐོག   ཏཱ་ལའི་བླ་མས་བལ་ཡུལ་གྱི་ཕྲུ་གུ་རྣམས་ལ་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་ཆེད་དུ་རྒྱ་གར་དུ་ངན་ཁྲིད་བྱེད་ལུགས་དང་། རྒྱ་གར་རྡ་རམ་ས་ལBA. MA.HPསོགས་ཀྱི་སློབ་གཉེར་བྱེད་ས་ཡོད་དམ། དེ་དག་མེད་སྟབས། དེ་ནི་ཆེད་དུ་ཆབ་སྲིད་ཀྱི་བསླབ་གསོ་སྤྲོད་པའི་ཆེད་དུ་ཁྲིད་པ་རེད་ཟེར་ནས་གྲྭ་པ་ཁྲིད་མཁན་དང་ཕྲུ་གུ་དེ་དག་གི་པར་དང་མིང་བཅས་ཆ་ཚང་ཚགས་པར་ནང་དུ་བཀོད་འདུག  གནས་ཚུལ་དེ་དག་ནི་དགོན་པའི་ནང་གྲྭ་རྒྱུན་མང་པོ་དགོས་ཟེར་མཁན་གྱི་བླ་རྒན་ཞེན་ཁོག་ཅན་༼དེ་དགོན་པ་ག་ནས་ཡིན་མིན་ཤེས་ཀྱི་ཡོད་དེ་འདིར་མིང་བྲིས་མེད༽ཁ་ཤས་ཀྱིས་ཁྲིད་པའི་རྐྱེན་ལས་བྱུང་བ་ཞིག   གོང་ས་མཆོག་ལ་སྐྱོན་འཛུགས་བྱས་ཡོད། ད་དུང་༼དགོན་པ་འདིའི་མིང་ཡང་ཤེས་ཏེ་འདིར་༽དགོན་པའི་ནང་གྲྭ་ཕྲུག་བརླགས་འགྲོ་ཡི་འདུག་ཟེར་བའི་སྐྱོན་འཛུགས་བྱས་པའི་ཚགས་ཤོག་ཞིག་ཀྱང་མཐོང་སོང་། དེ་ནི་གྲོང་གསེབ་ཁག་ནས་གོང་བརྗོད་ལྟར་ཕྲུ་གུ་རྣམས་ཁྲིད་ནས་འདིར་སླེབས་རྗེས་ཕྲུ་གུ་དེ་དག་དགོན་པའི་ནང་སྡོད་སྙན་མ་འདོད་ནས་བྲོས་པ་སོགས་སློབ་གྲྭ་དང་གྲྭ་ཚང་སོགས་ནམ་རྒྱུན་བྱུང་སྡོད་པའི་གནས་ཚུལ་ཆུང་ཚག་ཅིག་ལ་སྐྱོན་འཛུགས་བྱས་པ་རེད་འདུག  ངོ་མ་ཡུལ་མིའི་མིག་ལ་མ་ཡོངས་ན་ང་ཚོས་བཙན་གྱིས་ཨུ་ཚུགས་བརྒྱགས་པ་ཡིན་ན་དགོས་པ་ཅི།

ངོ་མ་བླ་མ་གྲྭ་པ་ཚོས་ཕྱག་ལས་གནང་སྟངས་འགྲིག་གི་མི་འདུག་ཟེར་ན་ངའི་ཨ་མ་ཡིན་ཡང་ང་ལ་སྐྱོན་འཛུགས་བྱེད་སྲིད་པ་ཞིག་རེད་དེ་མ་འོངས་པར་མི་གཞན་གྱི་དགོངས་པ་ལ་གནད་དོན་དེ་ཆུང་ཚག་ཅིག་ཁྱོན་ནས་མིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ངོ་མ་རེད་འདུག་ངོས་ལའང་བལ་ཡུལ་གྱི་དགོན་པ་དང་སྤྲུལ་སྐུ་སོགས་ཀྱི་ལོ་རྒྱུས་མང་པོ་ཞིག་ཡོད། དེ་རིང་ལས་ཀའི་བྲེལ་ཟིང་གི་དབང་གིས་འབྲི་ཁོམས་མ་བྱང་ཡང་རྗེས་མར་ཡང་སྐྱར་མཇལ་ཡོང་།



བརྗོད་གཞི་གཞན་ཁག་ལ་གཟིགས།