གྲོགས་ཅོ་རི་མཆོག་ལ་པུལ་པའི་ཚིགས་བཅད་ཁ་ཚ་ཁོག་འཇམ།

ཕོ་རྒོད་པོ་ཅོ་རི་ཉི་མ་མཆོག །
སྐྱེས་སྟོབས་ཀྱི་རིག་པ་རྣོ་བའི་ཁར། །
རང་བཞིན་གྱི་གཤིས་རྒྱུད་དྲང་བ་དེ། །
ཕོ་རྒོད་པོའི་མཚན་ཉིད་ཡོངས་སུ་ཚང་། །
དུས་བཞི་ཡི་འགྱུར་འགྲོས་སྟབས་བསྟུན་ནས། །
རང་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ། །
དབྱར་དུས་སུ་བསྟོད་པའི་འོས་མི་དེ། །
དགུན་དུས་སུ་སྨད་པའི་དུས་ལ་སླེབས། །
ཁྱེད་དགའ་བའི་སྐུ་ངོ་བཀྲས་མཐོང་ཁོང་། །
བོད་སྡེ་པ་གཞུང་གི་སྐུ་དྲག་རེད། །
སྐུ་དྲག་གིས་གཉའ་ནོན་དུས་རབས་དེ། །
དུས་ད་ནས་བཟུང་སྟེ་རྫོགས་ན་ལེགས། །
མའོ་ཙེའི་ཏུང་དྲག་པོའི་དབང་བསྒྱུར་དང་། །
སྐུ་དྲག་ཚོའི་དཔོན་ངན་རིང་ལུགས་གཉིས། །
དབང་སྒྱུར་མཁན་བོད་མི་ཡིན་མིན་ལས། །
འབངས་གཉའ་ནོན་བྱེད་མཁན་གཅིག་པ་རེད། །
བཀྲས་མཐོང་དང་ཡབ་གཞི་རྒྱ་རི་བཅས། །
སྐུ་དྲག་གི་ཁྱིམ་ཚང་ཆེན་པོ་གསུམ། །
མགོན་རྒྱལ་བས་གནང་པའི་མང་གཙོ་གཞུང་། །
བཀའ་བཀོད་ཀྱིས་སྒེར་བདག་བྱེད་པོ་རེད། །
སྐུ་དྲག་ཚོས་སྐྱོངས་བའི་མང་གཙོ་གཞུང་། །
ལྷོ་འཛམ་བུ་གླིང་ལ་བྱུང་མྱོང་མེད། །
བྱུང་ཟེར་ཡང་སྐུ་དྲག་ཁོ་ནས་གཏམ། །
སྐུ་དྲག་གི་འོག་ན་མང་གཙོ་མེད། །
རྒྱལ་ཡིད་བཞིན་ནོར་བུས་མི་མང་ལ། །
གསོལ་རས་སུ་གནང་བའི་མང་གཙོ་ལུགས། །
སླར་སྐུ་དྲག་འགའ་ལ་སྐྱབས་འཚོལ་ནས། །
མང་གཙོ་ཡི་ལམ་སྲོལ་མགོ་ནས་བཤིགས། །
གདུང་སྐུ་དྲག་རྒྱུད་དང་གཡོ་པོའི་ཁྱིམ། །
རྒྱུ་ཕྱུག་པོའི་བུ་དང་དབུལ་པོ་བུ། །
ཡུལ་གྱར་བའི་ས་མཐའི་གནས་འདི་རུ། །
སྐྱབས་གཞན་ལ་འཚོལ་མཁན་གཅིག་པ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།