གསལ་བཤད་ཐུང་ཐུང་ཞིག

བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་མདུན་དུ་ལྷ་མོ་བཀའ་གཉན་ཅན་ཞིག་གི་སྐུ་བརྙན་ཞིག་ཡོད་པ་དེ་ལ་བོད་མི་ཆེ་ཆུང་མེད་པས་མ་བྱ་རྫི་མའི་སྐུ་བརྙན་ཟེར་གྱི་ཡོད།

མི་མང་པོ་ཞིག་གིས་དེ་མཆོད་རྟེན་བཞེངས་མཁན་གྱི་ལྷ་མོ་བདེ་མཆོག་མའམ་མ་བྱ་རྫི་མ་ཡིན་པར་འཁྲུལ་གྱི་ཡོད། དེ་ནི་མ་བྱ་རྫི་མ་ག་ལ་ཡིན། མ་མོ་ཞིག་ཡིན། སྔོན་གྱི་དུས་སུ་གནས་དེར་དུར་ཁྲོད་བཞི་ཡོད་པ་དང་། མ་མོའི་སྐུ་ཞིག་ཡོད་ལུགས་ཁམས་སྤྲུལ་ཆོས་ཀྱི་ཉི་མའི་རང་རྣམ་ལས་གསལ། ནཱེ་པ་ལའི་རྟ་མང་ཚོས་ཀྱང་མ་མོ་རང་ཟེར། དེ་བཀའ་གཉན་ཆེན་པོ་ཡིན་སྟབས་ཕྲུ་གུ་ན་ཚེ་གསོ་དགོས་པར་བཤད། དེ་ངོ་མ་དཀར་ཕྱོགས་སྐྱོངས་བའི་ལྷ་ཞིག་ལོས་ཡིན། འོན་ཀྱང་སྔོན་གྱི་དུས་སུ་རྟ་མང་ཚོ་དེར་དམར་མཆོད་ཕུལ་བའི་སྲོལ་ཡོད་ཟེར། དེ་སང་གི་དུས་སུའང་ཧི་རྡུའི་དམར་མཆོད་ཕུལ་པའི་དུས་ཆེན་རྡ་སི༼རྡ་ཤཱ་ར་༽ཡང་ཟེར། སྐབས་དེར་ཞོགས་པ་སྔ་མོ་ནས་གཞོན་ནུ་མ་ཚོའི་ལག་ཏུ་ཟངས་སྡེར་རེའི་ནང་ཤིང་འབྲས་དང་མེ་ཏོག སྤོས་དང་། སིན་དྷུ་རའི་ཚོན་དམར་པོ། དེའི་དབུས་སུ་སྒོ་ང་ཞིག་བཞག་ནས་ལྷག་ཁང་དུ་སོང་ནས་མཆོད་པ་རྣམས་ཕུལ། སྒོ་ང་ལ་སིན་རྡུ་རའི་ཚོན་གྱིས་དམར་རྩི་བྱུང་པ་དེ་བཅགས་པ་སོགས་བྱེད་ཀྱི་ཡོད་པ་དེ་ཡང་སྔོན་གྱི་དམར་མཆོད་བྱས་པའི་བག་ཆགས་ཡིན་ཟེར། བལ་པོའི་མི་རྒྱུད་ནེ་བ་རི་དང་རྟ་མང་གི་ནང་པའམ་ཕྱི་ནང་འདྲེས་མ་དེ་དག་གི་ཆོས་བྱེད་སྟངས་ལ་ནི་ཡིད་ཆེ་འོས་པ་ཅི་ཡང་མེད། ཁོ་ཚོ་ནང་པ་ཡིན་ཟེར་ཡང་དམར་མཆོད་བྱེད། ནེ་བ་རིའི་ནང་དུའང་བཇྲ་ཨཀྱཱ་ར་༼རྡོ་རྗེ་སློབ་དཔོན༽་དང་ཤཱཀྱའི་སོགས་སྟོན་པའི་མི་རིགས་ཡིན་ཟེར་བའི་ནང་པ་མང་དག་ཡོད། རྡོ་རྗེ་སློབ་དཔོན་ཟེར་བའི་མི་རྒྱུད་དེ་དག་ནི་གསང་སྔགས་ཀྱི་བདག་པོ་ཡིན་ཁུལ་གྱིས་དེང་འཛམ་གླིང་ནང་ཤྲི་ལངྐ་སོགས་ཐེག་དམན་དང་། བོད་བརྒྱུད་ནང་བསྟན་ལ་ཐེག་ཆེན། ཁོ་ཅག་གི་རྡོ་རྗེ་ཐེག་པ་ཟེར་ནས་བགྲངས། ཤིན་ཏུ་གཉན་པའི་རྡོ་རྗེ་སློབ་དཔོན་འགས་ཁོ་ཅག་ལ་ཆོས་ཞུ་ན་བོད་པའི་བླ་མའི་སར་ཆོས་ཞུ་མི་ཆོག་པའི་བཀའ་ཡང་གནང་འདུག བལ་ཡུལ་དུ་དེ་འདྲའི་རིགས་མང་་པོ་ཞིག་ཡོད་པ་ནི། དཔེར་ན། མཆོད་རྟེན་མདུན་དུ་མ་བྱ་རྫི་མ་དང་། ཤར་པའི་ཀརྨ་པ། ནེ་བ་རིའི་རྡོ་རྗེ་སློབ་དཔོན་སོགས་བགོད་བྲོ་བ་ལྟད་མོ་མང་པོ་ཡོད། བོད་པའི་རྒན་ཁོགས་དག་ཀྱང་དེ་དག་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཡོད་པས་རྟེན་འབྲེལ་དབང་གིོས་བྱིན་རླབས་ཀྱང་མི་དམན་པ་ཞིག་འབྱུང་།

ད་དུང་མཆོད་རྟེན་དང་ཉེ་བའི་པ་ཤུ་པ་ཏི་ཟེར་བའི་དབང་ཕྱུག་གི་ལྷ་ཁང་གྲགས་ཆེ་བ་དེ་ཡང་བདེ་མཆོག་གི་ལྷ་ཁང་ཡིན་ཟེར། ལྷ་ཁང་དེ་དང་ཉེ་བའི་ཡུམ་ཨུ་མའི་བྷ་ག་ཡིན་ཟེར་བའི་རྡོ་ཕང་སྟེང་ནས་ཆུ་བྱུང་བ་དེ་ཡང་ཕག་མོའི་མངལ་ཆུ་ཡིན་ཟེར།

ཁམས་སྤྲུལ་གྱིས་དེ་ནི་ཕྱིར་དབང་ཕྱུག་ཡབ་ཡུམ་གྱི་རྟེན་གྱི་རྣམ་པར་ལས་ནང་དུ་བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་ཡིན་ཟེར།

ཆེས་ཡ་མཚན་པ་ཞིག་ལ་པ་ཤུ་པ་ཏིའི་ལྷ་ཁང་གི་ཐོག་ཏུ་རྩེ་ཏོག་གྷན་ཇི་ར་ཡོད་པ་དེ་ནང་པའི་ལུགས་ཡིན་པ་ལས་ཕྱི་རོལ་པའི་ལྷ་ཁང་ལ་དེ་ཡེ་ནས་མེད་ཟེར། ཐེངས་གཅིག་རྒྱ་གར་ནས་ཡོང་བའི་ཕྱི་པ་རྣམས་ཀྱིས་གྷན་ཇི་ར་དེ་མེད་པ་བྱེད་དགོས་ལུགས་ཀྱི་གྲོས་འཆར་བཏོན་ནས་རྙོག་དྲ་བྱུང་པ་རེད་ཟེར། དེའི་དཀོར་གཉེན་རྣམས་ཀྱང་རང་རེའི་གཞིས་དགོན་ནས་ཡུལ་དགོན་དག་ལ་བླ་དཔོན་གཏོང་སྲོལ་ཡོད་པ་ཇི་བཞིན་རྒྱ་གར་ལྷོ་ཕྱོགས་ནས་ཡར་བསྐོས་བཞག་བྱེད་དགོས་པར་སྣང་། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།