རེབ་ཀོང་དུ་སློབ་མའི་ཞི་རྒོལ་སྐོར་ལ་བསམ་ཚུལ།

དེ་རིང་ཞོགས་པར་མཚོ་སྔོན་རེབ་ཀོང་དུ་སློབ་མ་སྟོང་ཚོ་མང་པོས་ཡར་ལངས་སྐད་འབོད་བྱས་པ་དེ་ནི། བོད་མི་རིགས་རྩ་མེད་བྱེད་འདོད་པའི་རྒྱ་ནག་དམར་གཞུང་གི་སྲིད་ཇུས་གདུག་རྩུབ་ཅན་གྱི་གཉའ་ནོན་འོག་ཏུ་སྡོད་བཟོད་མེད་པའི་ཉམ་ཐག་སློབ་མའི་གདུང་འབོད་ཞིག་ཡིན།

ངོ་མ་བོད་མི་རིགས་དེ་རྩ་མེད་དུ་གཏོང་འདོད་ན་ཐོག་མར་སྐད་ཡིག་གཉིས་པོ་རྩ་མེད་དུ་བཏང་པའི་སྲིད་ཇུས་དེ་ལས་གནག་པའི་སྲིད་ཇུས་ཞིག་མེད་པ་རེད། མཚོ་སྔོན་རེབ་ཀོང་ནི་སྔོན་གྱི་དུས་སུ་དགེ་ཆོས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོའི་རིག་པའི་རྩ་བ་འཚུགས་ས་ཙམ་དུ་མ་ཚད། ད་ལྟའི་དུས་སུའང་རིག་གནས་ཀྱི་རྒྱ་མཚོ་ལྟ་བུ་ཞིག་ཆགས་ཡོད། ལྷག་པར་དུ་རྩོམ་རིག་དང་སྒྱུ་རྩལ་གྱི་དོ་ར་ལྟ་བུ་ཞིག་ཡིན། སློབ་གྲྭའི་སློབ་ཚན་རྒྱ་ཡིག་ལ་བཅོས་བསྒྱུར་བྱས་པའི་ལས་འགུལ་དེ་ཐོག་མ་དེ་རེབ་ཀོང་དུ་སྤེལ་དགོས་པ་དེ་ཡང་ཁུལ་དེ་ན་བོད་ཡིག་དར་ཁྱབ་ཆེན་པོ་ཡོད་པའི་གནད་དོན་ཉག་གཅིག་ཡིན།

གལ་ཏེ་རེབ་ཀོང་དུ་བོད་ཡིག་གི་ཤེས་ཡོན་མེད་པ་ཆགས་སོང་ན་དེང་གི་བོད་ཁམས་ཡོངས་ཀྱི་བོད་ཡིག་གི་བླ་སྲོག་བཅད་པ་དང་ཁྱད་ཡེ་ནས་མེད། དེའི་རྒྱུ་མཚན་ནི། སྤྱིར་ཆོས་ཕྱོགས་ཀྱི་ཤེས་ཡོན་ནི་སེར་འབྲས་དགེ་གསུམ་སོགས་ས་ཁུལ་གཞན་དུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་མོད། མི་སྐྱ་དང་། ལྷག་པར་དུ་སློབ་གྲྭའི་ཁྲོད་དུ་བོད་ཡིག་གི་ཤེས་ཡོན་དར་ས་རེབ་ཀོང་ལས་ལྷག་པ་ཞིག་མ་མཐོང་།

ད་རེས་ཀྱི་སྐད་ཡིག་རྒྱ་བསྒྱུར་བྱས་པའི་སྲིད་ཇུས་ངན་པ་འདི་ལ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་རྡོག་རྩ་ཆིག་བསྒྲིལ་གྱིས་སློབ་མ་དེ་དག་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་སྤེལ་ནས་སྲིད་ཇུས་ངན་པ་དེར་འགྱུར་བ་ཞིག་བཏང་མ་ཐུབ་ཚེ་ང་ཚོའི་མི་རིགས་ཀྱི་བླ་སྲོག་ཆད་རྒྱུ་ལ་ལོ་མང་སྒུག་མི་དགོས་པར་རྒྱ་ནག་གི་མི་རིགས་རྩ་མེད་བཏང་བའི་འདོད་དོན་དེ་སྟབས་བདེ་པོའི་ངང་ནས་འགྲུབ་རྒྱུ་ཉག་གཅིག་རེད། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།