ཨང་ཟླ་བ་ལགས་ཀྱི་རྩོམ་ཡིག

ཁ་སང་གསུང་ཆོས་ར་བའི་ནང་ན་ནིང་ཨང་ཟླ་བ་ཤར་པ་ལགས་ཀྱི་རྩོམ་ཡིག་ཞིག་དབྱིན་ཡིག་ནས་བོད་བསྒྱུར་བྱས་ནས་བཀོད་འདུག དེ་ནི་སྤྱི་ལོ་༢༠༠༨་ཟླ༤པའི་ནང་བོད་དུ་སྙོག་ཟིང་ཆེ་བའི་སྒང་དེར་རྒྱལ་ཁབ་གཞན་གྱི་བུད་མེད་ཀྱིས་བོད་པའི་དཀའ་སྡུག་ལ་སེམས་མ་བཟོད་ནས་གདུང་འབོད་བྱས་པའི་རྩོམ་ཡིག་ཅིག་པུ་དེ་རེད་ཟེར་ནའང་མི་ཆོག་པ་གང་ཡང་མིན།

དེ་ནི་ང་ཚོ་བྱེས་ལ་ཡོད་པའི་བོད་མི་ཞིག་གིས་བྲིས་པ་དང་ཡེ་ནས་འདྲ་ས་མེད། རྩོམ་དེ་མོས་ཐོག་མར་ཤར་པའི་སྐད་ཡིག་ཐོག་བྲིས་ནས་གྷོ་ཁའི་ཚགས་པར་ཐོག་བཀོད་པ་ཞིག་རེད། སྐབས་དེ་དུས་མོ་རང་གྷོ་ཁའི་ཚགས་པར་གྱི་རྩོམ་སྒྲིག་པ་རེད་ལ་རྩོམ་དེ་མི་གཞན་ཞིག་གིས་མི་ཡུལ་ཟེར་བའི་དྲ་རྒྱའི་ཐོག་དབྱིན་བསྒྱུར་བྱས་ནས་བཀོད་ཡོད་འདུག ཨང་ཟླ་བ་ཤར་པ་མོ་རང་ནི་བལ་ཡུལ་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་མ་ཟད། བལ་ཡུལ་མའོ་ཚོགས་པའི་ཚོགས་མི་ཞིག་ཀྱང་རེད། མོས་རྩོམ་དེ་སྤེལ་རྗེས་མོ་ལ་མི་མང་པོ་ཞིག་གིས་གནོད་ཤུགས་སྤྲད་དེ་གྲོས་ཚོགས་ནས་ཕུད་གྲབས་བྱས་ཡོད་འདུག

མོས་རྩོམ་ཡིག་དེའི་ནང་བརྗོད་དོན་གཙོ་བོ་ནི། ང་ཚོ་ཧི་མཱ་ལ་ཡི་མི་རིགས་ཚོ་ནི་བོད་པ་དང་། རིག་གཞུང་། གོམས་གཤིས། ཆོས་ལུགས། བླ་མ། མཐའ་ན་སངས་རྒྱས་ཀྱི་གོ་འཕང་འདོད་མཁན་གཅིག་མཚུངས་རེད། དཔེར་ན་དུད་འགྲོ་ཞིག་ཡིན་རུང་རང་གི་རིགས་གཅིག་པ་ལ་དགྲ་ཡིས་གནོད་པ་སྐྱེལ་ཚེ་གང་ཐུབ་ཀྱིས་རོགས་རམ་བྱེད་ཀྱི་ཡོད།

རང་རེ་དང་རིགས་གཅིག་པའི་བོད་པ་ལ་དཀའ་ངལ་འཕྲད་ཚེ་རོགས་རམ་བྱེད་དགོས་ལུགས་དང་། གྲྭ་པ་ཚོ་ཁྲོམ་ལ་ཕེབས་ཚེ་ཡང་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་འདུག་པ་དེ་དག་གཞུང་གིས་ངོས་ནས་ཉེན་རྟོག་པར་སྟངས་འཛིན་མ་བྱེད་ན་བལ་ཡུལ་རྒྱལ་ཁབ་ཀྱི་ཞབས་འདྲེན་ཡིན་ཚུལ་གསུངས་སོགས་ཆེས་ཕུལ་དུ་བྱུང་པའི་བརྗོད་བྱ་ཤ་སྟག་གིས་བརྒྱན་ཡོད། དེ་ལྟ་བུའི་རྩོམ་ཡིག་སྤེལ་མཁན་ལ་ང་ཚོ་ངོས་ནས་ཀྱང་རྒྱབ་སྐྱོར་དང་གུས་བཀུར་བྱེད་དགོས་པ་ཞིག་རེད་སྙམ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།