བཀའ་ཁྲི་མི་རབས་བཞི་པ་ཞིག་དགོས།

རྒྱ་ནག་གཞུང་གི་མགོ་ཁྲིད་ཚོར་དཔེ་བླངས་ན་ད་ལྟའི་ཆ་མི་རབས་བཞི་པར་སླེབས་ཡོད། དེ་ཡང་སྤྱི་ལོ༡༩༤༩ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་སྐབས་ཀྱི་རྒན་པོ་ཡིན་མཁན་མའོ་དང་། སྐབས་དེའི་དུས་ན་གཞོན་ཡིན་མཁན་ཏིང་ཤོ་ཕིང་། སྐབས་དེའི་དུས་ཕྲུ་གུ་ཡིན་མཁན་ཅང་ཙིན་མིན། དེ་ནས་ཕྱིས་སུ་སྐྱེས་པ་ད་ལྟ་ལོ་ལྔ་བཅུ་མ་ཟིན་པ་ཧུའུ་ཅིང་ཐའོ་ཡི་མི་རབས་བཅས་བཞི་པར་སླེབས་ཡོད། ང་ཚོའི་བོད་ཀྱི་མི་རབས་ལ་དཔེ་བླངས་ཚེ་ལྔ་བཅུ་ང་དགུའི་དུས་ཀྱི་རྒན་རབས་གྲས། དཔེར་ན་བཀའ་བློན་ཀླུ་ཁང་པ།དེའི་དུས་ཀྱི་གཞོན་སྐྱེས་དེང་གི་རྒན་པོ་ཡིན་པ་བཀའ་བློན་ཟུར་པ་ངོ་རྒྱ་ལོ་དང་སྐུ་ངོ་བཀྲིས་མཐོང་། མཁས་དབང་ཟམ་གདོང་རིན་པོ་ལྟ་བུ། ང་བཅུ་ང་དགུའི་ཡས་མས་སུ་ཕྲུ་གུ་ཡིན་པ་ད་ལྟ་ལོ་ན་ལྔ་བཅུ་བརྒལ་ཟིན་པ་སྡེ་སྲུང་བཀའ་བློན་དངོས་གྲུབ་ལྟ་བུ། དེ་ཚོའི་ཕྲུ་གུ་ད་ལྟ་ལོ་ན་ལྔ་བཅུ་མ་ཟིན་པ་བློ་བཟང་སེང་གེ་ལྟ་བུ་བཅས་མི་རབས་བཞི་ཡིན། ཡིན་ནའང་ང་ཚོ་བཙན་བྱོལ་ཆགས་ནས་མི་རབས་དང་པོས་བཀའ་ཁྲིར་ལངས་ཐུབ་མེད་ལ། ད་ལྟའི་བར་ལོ་ན་ལྔ་བཅུ་ལྷག་ཙམ་གྱི་རིང་མི་རབས་གཉིས་པས་ཟིན་ཡོད། བཀའ་ཁྲི་རྣམས་མི་རབས་གཉིས་པ་ལས་བརྒལ་ཐུབ་མེད། ད་དངོས་འབྲས་བྱས་ན་རྒྱ་མིའི་མཉམ་དུ་དཔུང་པ་མཉམ་གཤིགས་ཀྱིས་སྐད་ཆ་བཤད་དགོས་ཚེ་བློ་བཟང་སེང་གེ་ལྟ་བུ་མི་རབས་བཞི་པའི་མི་ཞིག་བཀའ་བློན་ཁྲི་པ་ལ་སླེབས་ཐུབ་དགོས། རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་དབུ་ཁྲིད་ལོ་རབས་དང་བསྟུན་ནས་བརྗེ་པོ་བརྒྱག་ཐུབ་དགོས། ང་ཚོ་སྤྱི་ཚོགས་ལ་འགྱུར་བ་འགྲོ་དགོས། འགྱུར་བ་མ་འགྲོ་ན་འཕེལ་རྒྱས་གང་ནས་ཡོང་། དེ་ནི་དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཆབ་སྲིད་སྐྱོང་སྟངས་དང་།ཕྱི་ཡི་འབྲེལ་ལམ་དང་ནང་མི་མང་གི་བདེ་དོན་ལ་ལྟ་རྟོག་བྱེད་དགོས། ལྷག་པར་དུ་རྒྱལ་སྤྱི་གནས་སྟངས་དང་། རྒྱལ་སྤྱི་ཁྲིམས་ལུགས་ཤེས་མཁན། རྒྱ་མིས་རྒྱུན་དུ་བོད་བཙན་འཛུལ་བྱེད་པ་ཁྲིམས་མཐུན་ཡིན་པ་དང་སྡེ་པ་གཞུང་དེ་སྐུ་དྲག་བཀའ་བཀོད་རྒྱུད་འཛིན་ལམ་ལུགས་ཤིག་ཡིན་པས་ཀྲུང་གོ་མི་དམངས་དཅིགས་གྲོལ་དམག་བོད་ལ་སླེབས་ནས་ཞིང་བྲིན་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིང་གྲོལ་ཐོབ་ཡོད་ཅེས་ཉིན་རེད་བཞིན་མ་ཎི་བགྲང་བགྲང་བྱེད་ཀྱི་ཡོད། ང་ཚོས་རྒྱལ་སྤྱི་སྟེང་བོད་རྒྱ་མིས་བཙན་འཛུལ་བྱས་པ་དེ་ཁྲིམས་མཐུན་མིན་པ།  བོད་དེ་ལོ་རྒྱུས་སྟེང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ། དེ་རྒྱ་གཞུང་གིས་བཙན་འཛུལ་བྱས་ནས་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་བ། ད་ལྟའི་དུས་སུའང་བོད་མི་རྣམས་རྒྱའི་དབང་བསྒྱུར་འོག་ནས་སྡོད་ཐབས་མེད་དེ་ཡར་ལོངས་མ་བྱེད་ཐབས་མེད་ཡིན་པ་བཅས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་རྒྱལ་སྤྱི་སྟེང་འབུར་དུ་ཐོན་ནས་ཕྱག་ལས་གནང་ཐུབ་མཁན། ༧གོང་ས་མཆོག་གི་ཕྱག་གཡས་པ་ལྟ་བུ་ཞིག་དགོས། བཀའ་ཁྲིའི་ཕྱག་ལས་དེར་གྲུབ་འབྲས་ཡོང་མིན་གང་ཡིན་རུང་མདོར་ན་ཕྱག་ལས་གནང་ཐུབ་མཁན་ཞིག་དགོས། དེ་མིན་བཀའ་ཁྲིའི་གོ་སར་དགྱེལ་ཉམས་དང་བཅས་ས་རྟགས་བརྒྱག་ཐུབ་པ་ཙམ་གྱི་བོད་གཞིས་བྱེས་གཉིས་ཀྱི་རྩ་དོན་ལ་སྨིན་པ་ཞིག་ཡོང་དཀའ་སྙམ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།