རྡ་སའི་སྲང་ལམ་ཁྲོད་ཀྱི་མཐོང་ཐོས།

བཀའ་ཁྲི་གསར་པའི་གླེང་མོ་འུ་རུ་རུ། །
སྤྱི་འཐུས་འོས་མིའི་སྦྱར་ཡིག་ཁྲ་ཆིལ་ཆིལ། །
མི་རེའི་ཁ་ནས་བསྒྲགས་གཏམ་རྒྱང་གྲགས་རེ། །
རྡ་སའི་སྲང་ལམ་ཐམས་ཅད་འུད་ཀྱིས་ཁྱབ། །
དཔོན་གནས་ཐོབ་ཚད་བཀའ་ཁྲིའི་གོ་སར་རྩོད། །
མྱུ་གུ་ཐོགས་ཚད་སྤྱི་འཐུས་ར་བར་འཚང༌། །
འོས་འདེམས་གྲོས་ཀྱིས་སྐྱིད་སྡུག་ཕན་ཚུན་སྦྲེལ། །
རྡ་སའི་སྲང་ལམ་ཐམས་ཅད་དཔོན་པོས་ཁེངས།
བཀའ་ཁྲིའི་ངོ་སྤྲོད་གློག་ཀླད་དྲ་རྒྱ་ཁེངས། །
སྤྱི་འཐུས་འོས་མིས་ཚགས་པར་ཡོད་ཚད་གང༌། །
རང་གི་ལོ་རྒྱུས་རང་གིས་བྲིས་ཏེ་སྤྲེལ། །
རྡ་སའི་བརྒྱུད་ལམ་ཐམས་ཅད་གསལ་བསྒྲགས་རེད། །
ཆོལ་ཁའི་ཞེན་ཁོག་རྩོད་དེ་སྒེར་དོན་སྒྲུབ། །
ཆོས་ལུགས་ཐོབ་ཐང་གླེང་བཞིན་དཔོན་གནས་བཟུང༌། །
སེར་སྐྱ་ཀུན་གྱིས་འོས་མི་ལྐོག་ཚོང་བྱེད། །
རྡ་སའི་སྲང་ལམ་ཐམས་ཅད་ཚོང་པས་གང༌། །
གྲྭ་པ་ཨ་ནེས་དམིགས་རྟེན་སྲིད་ལ་གཏད། །
ཨ་ལྕག་མཛེས་མས་ཟུར་མིག་གོ་སར་གཡོ།
ཕོ་སར་ངར་མའི་དཔུང་པས་དཔོན་གནས་རྩོད། །
རྡ་སའི་རྣམ་འགྱུར་ཐམས་ཅད་སྲིད་དོན་རེད། །
དབུལ་པོས་བག་ལེབ་མི་བཙོང་འོས་ཤོག་བཙོང༌། །
ཕྱུག་པོས་སྒོར་མོ་མི་བརྩི་འོས་མི་བརྩི། །
དབུལ་ཕྱུག་གཉིས་ཀའི་སེམས་ལ་གོ་ས་རེ། །
རྡ་སའི་སྲང་ལམ་ཐམས་ཅད་སྨྱོན་པས་གང༌། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།