ཆོས་ལུགས་ཀྱི་སྤྱི་འཐུས་ངེས་པར་དུ་དགོས།

སྤྱིར་མི་ཞིག་གིས་ཆོས་ལུགས་ཀྱི་སྤྱི་འཐུས་དགོས་ཟེར་དུས་མི་དེ་ཆོས་སྲིད་མཉམ་བསྲེ་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་སྲིད།

འོན་ཀྱང་ཆོས་རྒྱུད་སོ་སོར་སྤྱི་འཐུས་ངེས་པར་དུ་དགོས། དེ་ནི་ད་ལྟའི་ང་ཚོའི་གཞུང་དེ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཅིག་ཡིན་པ་དང་།  ཆོས་རྒྱུད་ཚང་མར་ཐོབ་ཐང་འདྲ་མཉམ་སྤྲོད་ཡོད་པ་རེད།
སྔོན་གྱི་དུས་སུ་ཆོལ་ཁ་གསུམ་གཅིག་དང་ཆོས་ལུགས་བཞི་གཅིག་ཏུ་སྒྲིལ་དགོས་པའི་གྲོས་མོས་བྱུང་རྐྱེན་ལོ་མང་རིང་རྙོགས་གཞི་ཆེན་པོ་ཞིག་ཆགས་པ་རེད། དེའི་ཕྱིར་ཆོས་རྒྱུད་ཆེ་ཆུང་ལ་མ་ལྟོས་པ་སྤྱི་འཐུས་གཉིས་རེའི་ཐོབ་ཐང་ཡོད་པ་བྱས་ཡོད། དེ་ནི་ལོ་རྒྱུས་ཐོག་བོད་ཀྱི་གོད་ཆག་མང་པོ་ཞིག་ཆོས་ལུགས་ཕན་ཚུན་དབར་འདྲ་མཉམ་གྱི་ཐོབ་ཐང་མེད་པ་ལས་བྱུང་བ་ཡིན། ཆོས་རྒྱུད་གཅིག་གཅིག་གི་ཆོས་གཞི་དམ་འཛིན་དང་དབང་བསྒྱུར་བྱེད་རེས་བྱས་པ་དང་། ཆོས་ལུགས་དབར་འདྲ་མཉམ་ཀྱི་ཐོབ་ཐང་མེད་པ་འཐེན་འཁྱེར་བྱེད་རེས་བྱས་ཡོད། དེའི་བག་ཆགས་སམ་དྲི་མ་དེ་མི་མང་པོ་ཞིག་གི་ཀླད་པའི་ནང་ཡོད་སྟབས་༧གོང་ས་མཆོག་གི་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཀའ་དགོངས་ལས་ཆོས་རྒྱུད་ཀྱི་མི་གྲངས་མང་ཉུང་ལ་མ་ལྟོས་པ་འདྲ་མཉམ་གྱི་ཐོབ་ཐང་འདི་སྤྲད་ཡོད།དེ་བཞིན་སྔོན་གྱི་སྡེ་པ་གཞུང་ལྟར་སྐུ་དྲག་གི་མི་ཚང་ཕལ་མོ་ཆེ་དབུས་ནས་ཡིན་སྟབས་ཆོལ་ཁ་འདྲ་མཉམ་གྱི་ཐོབ་ཐང་མེད་རྐྱེན་དེའི་དཀའ་ངལ་དེ་སེལ་ཕྱིར་ཆོལ་ཁ་སོ་སོར་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲད་པ་དེ་ཡང་དགོས་པ་དུ་མ་ལ་དམིགས་ནས་གཏན་འབེད་གནང་ཡོད།  ཆོས་ལུགས་ཀྱི་སྤྱི་འཐུས་དགོས་དང་མི་དགོས་ཟེར་བ་དེ་སྔོན་གྱི་ལོ་རྒྱུས་དང་ད་ལྟའི་བོད་མི་གནས་སྟངས་བཅས་སྔ་ཕྱི་བར་གསུམ་ལ་བསམ་གཞིགས་བྱས་ནས་ཐག་གཅོད་བྱེད་དགོས། དེ་ནི་རྒྱལ་ཁབ་གཞན་ལ་དཔེ་བླངས་པ་དང་སྔོན་ཐོན་གྱི་སྤྱི་ཚོགས་གཞན་ལ་ལན་བཟློས་བྱས་པ་ཙམ་གྱི་གོ་མི་ཆོད། དེ་ནི་ངེས་པར་དུ་སོ་སོའི་མི་རིགས་ཀྱི་གནས་སྟངས་ལ་བསམ་བློ་གཏོང་གལ་ཆེ།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།