དྲ་གྲོགས་བུ་མོའི་འདྲ་པར་ལ་བསྟོད་སྨད་སྙན་ཚིག་གྱ་གྱུར་མ།

གདོང་དཀར་རབ་ཏུ་མཛེས་ཤིང་སྐྱེས་གཟུགས་ཡག།
སྐྲ་ལོ་བཟོ་དབྱིབས་ལེགས་ལ་མདུན་དུ་དཔྱངས།།
སྡོད་སྟངས་སྒེག་ཉམས་མཐོང་དུས་ཁོ་བོའི་ལུས།།
ཚ་ཟུག་གཅིག་བླངས་མོ་ལ་རེ་སྨོན་ཤོར།།


འཇིག་རྟེན་འདི་ནང་ལྷ་མོ་བྱོན་པ་འམ།།
ཡང་ན་ཁོ་བོའི་མིག་ཟུང་འཁྲུག་པ་ཅི།།
དོན་དམ་མཛེས་མ་འདི་ལ་སེམས་ཤོར་བས།།
སྙིང་གཏམ་སྙིང་སྡུག་ཁྱེད་ལ་བཤད་ན་འདོད།།

ཞལ་རས་འཛུམ་མདངས་ཁོ་བོ་སེམས་པ་བསུ།།
སྐྱེས་གཟུགས་ཚ་བས་བདག་གི་དབང་རྩ་འགག།
གྱོན་ཆས་བསྣམས་སྟངས་ལེགས་ལ་དཀར་ཤ་དོད།།
དེས་བས་སྒོ་ལྔ་དབང་ཤེས་ཁྱེད་ལ་ཤོར།།

ཞལ་རས་འཛུམ་གྱི་གང་བའི་ནུས་ཤུགས་ཀྱི།།
བདག་གི་དམར་ཆུང་སེམས་པ་ཡོངས་སུ་འཕྲོག།
འཇོ་སྒེག་ཉམས་འགྱུར་སྟོང་གི་རྒོད་པ་ཡི།།
ང་ཡི་མིག་རིལ་གཉིས་པོ་ཅེར་ནས་ལུས།།

དཀར་འཇམ་ཞལ་རས་ངོས་སུ་འབུར་ཐོན་པའི།།
སྤྱན་ཟུར་ཡ་གཅིག་བཙུམ་ནས་དགའ་འབོད་བྱས།།
བརྩེ་བའི་དྲོད་ཁོལ་ཕན་ཚུར་འཁྱིལ་དང་ལྷན།།
དམར་ཞིང་མཆུ་སྒྲོལ་བདག་ལ་བསྲིངས་པ་དྲན།།

ཁྱེད་ཀྱི་པར་རིས་ཁོ་བོའི་སེམས་པ་འཕྲོག།
ཁྱེད་ཀྱི་གཟུགས་མེད་ནུས་ཤུགས་བདག་ཕོག་གཤིས།།
ཁྱེད་ལ་དུས་དྲུག་མནོ་བསམ་བྱས་ནས་ལུས།།
ཁྱེད་དང་འཕྲད་པའི་རེ་སྨོན་སྙིང་ནས་ཆེ།།


ཕྱི་ལོ་༢༠༡༣།༡༠།༣༡་ཉིན་དྲ་ཐོག་ཁྱེད་ཀྱི་པར་རིས་མཐོང་དུས་སྙན་ངག་ལ་གོམས་ཕྱིར་ཅི་མཚར་དུ་བྲིས།
ལེའུ་གཉིས་པ་སྨོད་ཚིག་ལྕགས་ཀྱི་ཐོ་བ།
གདོང་པ་དཀར་ཤ་ཇི་ཙམ་དོད་ན་ཡང༌།།
མི་མངོན་ཁྲོ་ཉམས་གཅིག་གི་ཁེངས་ནས་འདུག།
དེང་རབས་མཛེས་རྩལ་ཇི་ཙམ་སྤྱད་ན་ཡང༌།།
དཔྲལ་བ་གཉེར་མར་པ་ཏྲ་རི་མོ་བཀྲ།

ཚན་རིག་འཕྲུལ་ལས་འཕོས་བའི་མཛེས་བཟོ་དང༌།།
དཀར་དམར་ཚོན་རྩི་ཇི་ཙམ་གཏོང་ན་ཡང༌།།
མཆུ་ཏོ་འབུར་དུ་ཐོན་ནས་གཡས་ལ་འཁྱོག།
མཛེས་རྒོད་ཉམས་འགྱུར་སྟོན་དུས་རྒོད་རེ་འཆོར།།

སྐུ་ཡི་སྐྱེས་གཟུགས་ཇི་ཙམ་མཚར་ན་ཡང༌།།
མི་གཙང་དྲི་ངན་དུག་གསུམ་འདྲེན་པའི་རྒྱུ།།
བྲང་རྒྱས་ནུ་འབུར་ཐུར་དུ་ཟགས་པ་ཡི།།
འདྲེན་བྱེད་མིག་སྔར་རྒྱུ་དུས་སྐྱུག་རེ་བྲོ།།

སྐྱེས་གཟུགས་མཚར་སྡུག་ཡོད་པ་སྔོན་ལས་ཀྱང༌།།
ནང་སེམས་དུག་གི་ཁེངས་ན་ཅི་ལ་ཕན།།
ཕྱི་གཟུགས་ལྷ་མོ་ལས་ཀྱང་མཛེས་ན་ཡང༌།།
ཕ་མེས་གཤིས་བཟང་མེད་ན་ཅི་ལ་ཕན།།

བོད་ཀྱི་རིགས་སུ་སྐྱེས་ཀྱང་བོད་མི་ཡི།།
ཆོས་དང་རིག་གཞུང་མི་ཤེས་ཅི་ལ་ཕན།།
བོད་ཀྱི་ཤ་ཁྲག་རུས་སུ་སྐྱེས་ན་ཡང༌།།
བོད་སྐད་བོད་ཡིག་མི་ཤེས་ཅི་ལ་ཕན།།

བོད་རིགས་བུ་མོ་སྐྱེས་བ་ལེན་ན་ཡང༌།།
བོད་ལྭ་བོད་ཆས་གོན་མྱོང་མེད་དུས་སུ།།
བོད་ཀྱི་ལ་རྒྱལ་སེམས་སུ་མེད་དུས་སུ།།
བོད་པ་ཡིན་མདོག་བྱེད་དུས་སྙིང་རེ་རྗེ།།

ལ་རྒྱལ་སེམས་སུ་མེད་པའི་བོད་རིགས་དང༌།།
བོད་ཡིག་མཐོང་དུས་མགོ་བོའི་ན་ཟུག་མཁན།།
བོད་ལྭ་གྱོན་དུས་རྗེས་སུ་ཟེར་མཁན་ལ།།
བསམ་བློ་ན་ཚོད་མ་སྨིན་སྙིང་རེ་རྗེ།།

ལ་སོགས་རྣམ་རྟོག་ཆ་ལ་ཚད་མེད་གཤིས།།
ག་ཚད་བྲིས་དེ་ཚད་མང་འགྲོ་བས།།
དྲ་གྲོགས་ཁྱེད་ལ་ཅི་མཚར་བྲིས་བ་ལས།།
ཡ་ཁོག་བློ་ལ་ཅི་ཡང་ཁྲོ་སེམས་མེད།།

ཅེས་པ་འདི་ས་མཐའི་ཁུ་བྱུག་གིས་ ༢༠༡༣་༡༡།༤ ཧོབ་གླིང་དང་མོན་གྷོ་ལམ་བར་སྤྱི་སྤྱོད་རླངས་འཁོར་ནང་དུ་ཁེར་རྐྱང་བགྲོད་དུས་ཐར་འཐོར་བྲིས་སོ།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)

ཁྱེད་རང་གི་ང་ལ་ཕོ་མོ་འདྲ་མཉམ་མེད་པའི་སྐོར་ནས་རྩོམ་ཚིག་འབྲུ་༡༥༠༠་ནས་མ་ཉུང་ཞིག་རྩོམ་ཞིག

1 ༠༤༢༠༡༧༡༥༠༤
པད་མ་བཀྲིས།
གང་ཡང་མེད་དོ།



བརྗོད་གཞི་གཞན་ཁག་ལ་གཟིགས།