ཚེ་དབང་དོན་འགྲུབ་ཀྱི་ཨ་མྱིས་མའོ་ཀྲུང་ཞིའི་མིག་ཕུད་པ།

ཚེ་དབང་དོན་འགྲུབ་ཀྱི་ཨ་མྱིས་མའོ་ཀྲུང་ཞི་ཡི་མིག་ཕུད་པ། ཚེ་དབང་དོན་འགྲུབ་ཀྱི་ཨ་མྱིའི་མིང་ལ་སྐལ་བཟང་དར་རྒྱས་ཟེར་ཁོང་གིས་སྔོན་མ་མཉམ་ལས་ཡོད་དུས་༡༩༧༠ནང་དུ་མའོ་ཀྲུང་ཞིའི་འདྲ་པར་གྱི་མིག་ཕུད་པ་རེད། སྔོན་མ་བོད་ནང་དུ་རྒྱ་ནག་གཞུང་གིས་མཉམ་ལས་བཙུགས་པ་དང་༡༩༦༧ལོར་རིག་གནས་གསར་བརྗེ་བསྒྲུབ་པའི་སྐབས་སུ་བོད་མི་ཁྱིམ་ཚང་རེ་ལ་མའོ་ཀྲུང་ཞིའི་འདྲ་པར་རེ་དང་གསུང་རྩོམ་དེབ་དམར་རེ་སྤྲད་ཡོད་པ་དང་

བོད་ཀྱི་སྐྱབས་གནས་དམ་པ་རྒྱལ་བ་དང་པན་ཆེན་སོགས་ཀྱི་སྐུ་པར་བཞག་མི་ཆོག་པ་དང་སངས་རྒྱས་ཀྱི་སྐུ་གསུངས་ཐུགས་རྟེན་རྣམས་རྩ་མེད་བཟོ་བའི་དུས་ངན་དེ་ལ་ཚེ་དབང་དོན་འགྲུབ་ཀྱི་ཨ་མྱིས་མའོ་ཀྲུང་ཞི་ཡི་འདྲ་པར་ཡོད་པའི་པར་ཁང་དེའི་ནང་དུ་རྒྱལ་བ་རིན་པོ་ཆེན་དང་པན་ཆེན་རིན་པོ་ཆེན་སོགས་ཀྱི་སྐུ་པར་འཇོག་ནས་མའོ་ཀྲུང་ཞིའི་འདྲ་པར་གྱི་མིག་རུལ་གཉིས་ཀ་ཕུད་ནས་དཔར་ཁང་རྒྱབ་ཏུ་རྩ་རྒྱག་རྐྱེན་བྱས་པ་རེད།

སྐབས་དེ་དུས་བོད་ནང་དུ་《བྲན་སྲན》ཟེར་བའི་ལས་འགུལ་བསྒྲུབ་ཀྱི་ཡོད་པ་དང་རྒྱ་དཔོན་ཧན་ཐོ་ཟེར་བའི་རྟུལ་དྲག་ཅན་ཞིག་བསླེབས་ནས་བོད་མི་མང་པོ་ལ་བཅར་རྡུང་བྱས་པ་རེད། ཚེ་དབང་དོན་འགྲུབ་ཀྱི་ཨ་མྱི་ནི་མའོ་ཀྲུང་ཞིའི་འདྲ་པར་གྱི་མིག་ཕུད་མཁན་ཡིན་པས་ཧ་ཅང་ཚོད་ལས་བརྒལ་བ་བཅར་རྡུང་བཏང་མཐའ་ཞྭ་མོ་ཅན་ཟེར་བ་དེར་བཟོས་པ་རེད།

རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཟོས་པའི་ཞྭ་མོ་ཅན་ཟེར་བ་འདི་ནི་སྐབས་དེ་དུས་མི་ཉེས་ཅན་པ་དང་བཅར་རྡུང་བྱས་ས་འཐབ་རྩོད་བྱས་ས་རེད། ཞྭ་མོ་ཅན་ཟེར་བ་འདིར་རང་དབང་ལུང་པའི་ནང་གི་མི་རྣམས་ཀྱིས་ཧ་གོ་པ་ཞིག་མ་རེད།

ཞྭ་མོ་ཅན་གྱི་བོད་མི་ཚོ་ལ་རང་ལུས་ལ་རང་དབང་མེད་ལ་ག་འགྲོ་དང་ལས་ཀ་འདིར་བྱས་ལ་དེ་ལས་རང་དབང་སྤུ་ཙམ་ཡང་མེད། རྒྱ་དཔོན་ཚོས་ཅི་བཤད་ལ་ཉན་དགོས་པ་དང་ཡར་གི་རི་ནས་ཤིང་ཁུར་ནས་ཤོག་ཟེར་དུས་སྒྲུབ་དགོས་པ་དང་མར་གི་ཆུ་ནས་ཉ་ཁུར་ཤོག་ཟེར་ན་དེར་སྒྲུབ་དགོས། བཅར་རྡུང་དང་དབང་ཡོད་བཏང་བ་ནི་ཉིན་གཅིག་ཉིན་གཉིས་མིན་པ་དུས་རྟག་ཏུ་ཞྭ་མོ་ཅན་ཚོ་ལ་ཡོད་རེད།

ཕ་མ་བཟང་པོ་དེ་འདྲ་ཞིག་གི་བུ་ཕྲུག་ཚེ་དབང་དོན་འགྲུབ་ཡང་༢༠༠༨ལོར་ཞི་རྒོལ་ཆེན་མོའི་སྐབས་སུ་རྒྱ་དམག་གིས་མེ་མདའ་རྒྱག་ནས་ལག་པ་བེད་སྤྱོད་མེད་པ་ཆགས་ཡོད། ད་ལྟ་རྡ་ས་བཙན་བྱོལ་ནང་དུ་བསླེབས་བསྡད་ཡོད།
འདི་ནི་ཚེ་དབང་དོན་འགྲུབ་ཀྱི་ཨ་མྱི་ཤི་ཚར་ཡང་སྐྱིད་སྡུག་དྲན་གསོལ་གྱི་ཆེད་དུ་བྲིས་པ་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།