ང་ཚོ་རྒྱ་གར་དང་ཨ་རིའི་ཕྱོཌ་སུ་ཡོད་དམ་རྒྱ་ནག་གི་ཕྱོཌ་སུ་ཡོད།

སྔོན་མར་གང་བྱས་ད་ལྟའི་ལུས་ལ་ལྟོས། ཕྱི་མར་ག་འགྲོ་ད་ལྟའི་སེམས་ལ་ལྟོས། ཞེས་རྗེ་བདག་ཉིད་ཆེན་པོའི་གསུངས་པ་ལྟར་བོད་གངས་ཅན་པའི་སྔོན་མ་གང་བྱས་ད་ལྟའི་གནས་སྟངས་ལས་དཔག་ཐུབ་པ་དང་རྗེས་མ་ག་འགྲོ་ད་ལྟའི་ཀུན་སློང་ལ་རག་ལུས་ཡོད་པ་ནི་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་ཤིག་ཏུ་སྣང་
སྤྱིའི་ཆ་ནས་འཛམ་གླིང་འདིའི་སྟེང་དུ་གཅིག་གིས་གཅིག་བསད་པ་དང་སྟོབས་ཆེ་བས་ཆུང་བ་བཅོམ་པ་དང་ཆུང་བས་དེ་ལས་ཆུང་བ་རྣམས་བཅོམ་ནས་རང་རྒྱལ་གཞན་ཕམ་གྱི་བྱེད་སྟངས་འདི་ནི་འགྲོ་བ་མིའི་རིགས་གཅིག་པོ་མ་ཡིན་པར་སེམས་ཅན་དུར་འགྲོ་ཡིན་ཀྱང་དབང་ཤུགས་ཆེ་བས་ཆུང་བ་བསད་པ་དང་ཆུང་བས་དེ་ལས་ཆུང་བ་རྣམས་བསད་ནས་རང་ཉིད་གནས་ཐབས་བྱེད་པའི་འཛམ་གླིང་འདིར།

བོད་གངས་ཅན་པའི་མི་རིགས་འདི་ནི་ཧ་ཅང་ཉམ་ཆུང་བའི་མི་རིགས་ཤིད་དང་རང་གི་དགྲ་བོ་ལ་ཁ་གཏད་མ་ཆག་པར་རྒྱལ་ཁབ་གཞན་པ་ལ་སྐྱབས་བཅོལ་ནས་བསྡད་ཡོད། ང་རང་ཚོའི་སྐྱབས་བཅོལ་ཡུལ་གྱི་རྒྱལ་ཁབ་ཁག་ནི་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་ཡིན་པར་མ་ཟད་ད་ལྟའི་ཆ་རྒྱལ་ཁབ་༣༧ནང་དུ་སྐྱབས་བཅོལ་ནས་བསྡད་ཡོད།

ང་རང་ཚོའི་སྐྱབས་བཅོལ་ཡུལ་གྱི་རྒྱལ་ཁབ་འདི་དག་གིས་སྙིང་རྗེ་གཅིག་པོའི་ཐོག་ནས་སྐྱབས་བཅོལ་བསྡད་བཅུག་པ་ཞིག་མ་རེད། ཕྱོགས་གཅིག་ནས་འཛམ་གླིང་སྤྱིའི་སྐྱབས་བཅོལ་གྱི་འགྲོ་ལུགས་ཡོད་པ་དང་གཉིས་ནས་རྒྱལ་ཁབ་འདི་དག་ལ་ཁེ་ཕན་ཡོད་ཡང་གསལ་པོ་རེད། བོད་པ་སྐྱབས་བཅོལ་བསྡད་བཅུག་པ་ནི་གཅིག་ནས་རྒྱ་གར་དང་ཨ་རིའི་ཡུང་རོ་བཅས་ཀྱིས་རྒྱ་ནག་གི་ཁ་གཏད་ཆག་དགོས་པ་དང་གཉིས་ནས་བོད་མི་ཚོ་དང་ཁ་གཏད་ཀྱི་དགྲ་བོ་གཅིག་པ་ཡིན་པས་རེད།

རྒྱ་ནག་གཞུང་འདི་ནི་ང་རང་ཚང་བོད་ཀྱི་དགྲ་བོ་ཡིན་པ་ལས་ཀྱང་རྒྱ་གར་དང་ཨ་རིའི་ཡུང་རོ་བཅས་ཀྱི་དགྲ་བོ་ཡིན་པ་མངོན་གསལ་རེད། རྒྱ་ནག་གཞུང་གིས་༢༠༠༩ལོར་རྒྱལ་སྟོན་རྟེན་འབྲེལ་ཉིན་མོར་སྔར་འཛམ་གླིང་ཐོག་ཏུ་སྔར་མེད་པའི་མི་གསོད་རྐྱེན་གྱི་གོ་ལག་ཆ་མི་འདྲ་བའི་རིགས་ལྔ་ཅུ་ལྔ་གྲངས་མགྲོན་སྟོན་བྱས་པ་དེར་ང་ཚོང་བོད་མི་གཅིག་པོར་གསོད་རྐྱེན་ག་ལ་ཡིན། སྒོར་དུང་ཕྱུར་མང་པོ་འགྲོ་སོང་བཏང་ནས་བཟོས་པའི་གོ་ལག་ཆ་རྣམས་ནི་ཐོག་མ་བཟོ་དུས་ནས་ཀུན་སློང་ནང་དུ་མི་གསོད་རྐྱེན་བཟོས་པ་རེད། དེ་ཡང་བོད་མི་གཅིག་པོ་མ་ཡིན་པར་སྟོབས་ཆེན་རྒྱལ་ཁབ་ཁག་གི་མི་རྣམས་གསོད་རྐྱེན་རེད་མ་གཏོགས་བོད་མི་གཅིག་པོར་གསོད་པས་ཆེད་དུ་རྒྱ་ནག་གཞུང་གི་གོ་ལག་ཆ་འདི་འདྲ་མང་པོ་བཟོ་དགོས་དོན་མེད། རྒྱ་ནག་དམར་ཕྱོགས་པས་འཛམ་གླིང་འདིར་དབང་འགྱུར་བྱས་དང་བྱེད་བཞིན་ཡོད་པར་དེ་ཡང་མི་ལོ་དྲུག་ཅུའི་རིང་དུ་འབད་བརྩོན་བྱས་ནས་མཐའ་ན་སློབ་གྲྭའི་ནང་དུ་སློབ་གསོ་རྒྱག་དུས་ཡང་བཙན་རྒྱལ་ཨ་མེ་རི་ཀ་འཛམ་བུ་གླིང་གི་སྤྱི་དགྲ་དང་སློབ་མ་ཚོའི་སྐུ་ལ་བཏགས་པའི་རས་དམར་པོ་གྲུ་བཞི་འདིར་བཙན་རྒྱལ་རིང་ལུགས་པས་བསད་པའི་རྒྱལ་གཅེས་བཅོས་གྲོལ་དམག་གི་ཟུངས་ཁྲག་གི་ཚོན་ཡིན་པས་སློབ་མ་ཚོས་འདིར་དྲན་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས་པ་དང་དགྲ་བོའི་ཁ་གཏད་ཆག་དགོས་ཞེས་སློབ་གསོ་རྒྱབ་ཀྱི་ཡོད་རེད།

སློབ་གསོ་དེར་འདྲའི་འོག་ཏུ་མཚའ་ལངས་བྱུང་བའི་རྒྱའི་མི་རིགས་དུང་ཕྱུར་མང་པོའི་སེམས་ཁམས་སུ་ཨ་རིའི་དང་རྒྱ་གར་ལྟ་བུ་ནི་རྒྱ་ནག་གཞུང་གི་དགྲ་བོ་ངོ་མ་དེར་ཆགས་ཡོད། སྔ་ཕྱི་མ་གཏོགས་སྒོར་མོ་དུང་ཕྱུར་མང་པོ་འགྲོ་སོང་བཏང་ནས་བཟོས་པའི་མེ་ཤུགས་འཕུར་མདའ་དང་དམག་མི་རྣམས་བེད་སྤྱོད་བྱེད་ངེས་རེད། འཛམ་གླིང་ཐོག་ཏུ་སུ་རྒྱལ་སུ་ཕམ་ཐག་ཆོད་པ་ཞིག་དམག་འཐབ་མ་བྱེད་བར་དུ་བོད་མི་རིགས་ཀྱི་རང་དབང་བདེན་མཐའ་ནམ་ཡང་གསལ་མི་ཐུབ་སྙམ། ཁག་ཅིག་གིས་རྒྱ་ནག་མང་གཙོ་ཆགས་པ་ཡིན་ན་བོད་ཀྱི་རང་དབང་བདེན་མཐའ་གསལ་ཐུབ་གསུངས་མཁན་ཡོད་ཀྱང་རྒྱ་ནག་མང་གཙོ་ཆགས་པ་ཡིན་ནའང་སློབ་གསོ་ངན་པ་དེ་འདྲ་རྒྱབ་ནས་མཚའ་ལངས་བྱུང་བའི་རྒྱ་མི་རྣམས་ཀྱིས་དུས་ནམ་ཡང་རང་རྒྱལ་གཞན་ཕམ་གྱི་ལྟ་བ་འཛིན་པ་ལས་བོད་མི་རིགས་ལ་རང་བཙན་རྩ་བ་ནས་ཁས་ལེན་གྱི་མ་རེད་འདོད།

འཛམ་གླིང་ཐོག་ཏུ་སྟོབས་ཆེན་རྒྱལ་ཁག་གིས་གཅིག་རྒྱབ་གཅིག་ལངས་དང་ཕྱོགས་ཁག་དཔང་བསྒྲིགས་བྱས་ནས་རང་རྒྱལ་གཞན་ཕམ་གྱི་དམིགས་ཡུལ་ངན་པ་འདི་ལ་ནམ་ཞིག་འབྲས་བུ་ངན་པ་ཞིག་ཡོང་ངེས་རེད། ནམ་ཞིག་ཕྱོགས་ཁག་གཉིས་ཀྱི་རྒྱལ་ཕམ་ཐག་ཆོད་པའི་ཉིན་མོ་དེར་རྒྱ་ནག་ཐོབ་ཡོད་ན་འཛམ་གླིང་གཅིག་འགྱུར་གྱི་སྲིད་དབང་གཅིག་བསྡུ་རིང་ལུགས་ཀྱི་ལམ་ལུགས་ཆེན་པོ་ཞིག་ཆགས་ངེས། རྒྱ་གར་དང་ཨ་རིའི་ཐོབ་པ་ཡིན་ན་བོད་གངས་ཅན་པའི་མི་རིགས་ལ་རང་དབང་རང་བཙན་སྤྲོད་ཀྱི་རེད་སྙམ། ཡིན་ནའང་བཙན་བྱོལ་བོད་གཞུང་དང་བོད་རིགས་མི་དམངས་སུ་ཡི་ཕྱོགས་སུ་ཡོད་དམ། རྒྱ་གར་དང་ཨ་རིའི་ཕྱོགས་སུ་ཡོད་དམ་རྒྱ་ནག་གི་ཕྱོགས་སུ་ཡོད་དམ། འདིར་གནད་འགག་ཆེན་པོ་རེད་འདོད།

ང་ཚོང་སྐྱབས་བཅོལ་ཡུལ་གྱི་རྒྱ་གར་དང་ཨ་རིའི་ཕྱོགས་གཏོགས་སུ་ཡིན་ན་ང་རང་ཚོས་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ་མེད་ལ་བོད་རྒྱལ་ཁབ་འདི་རྒྱ་ནག་གི་ཆ་ཤས་ཡིན་པར་དེ་ལས་ཁས་ལེན་མི་རུང་བ་དང་མཐའ་གཅིག་ཏུ་དགྲ་བོ་རྒྱ་ནག་ཕམ་ཉེས་གཏོང་དགོས་པའི་ལམ་ཕྱོགས་འཛིན་དགོས་ཀྱི་རེད་སྙམ།

ང་ཚོང་རྒྱ་ནག་གི་ཕྱོགས་གཏོགས་སུ་སྡོད་འདོད་ཡོད་པ་ཡིན་ན་རྒྱ་ནག་གཞུང་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་ཐོག་རྒྱ་ནག་གི་དགྲ་བོ་དེར་བོད་ཀྱི་དགྲ་བོ་ཡིན་པ་ངོས་ལེན་ཡོད་པའི་ཐོག་ནས་འཛམ་གླིང་དབང་འགྱུར་བྱེད་རོགས་དང་བྱ་བ་གྲུབ་འདེབས་བྱ་དགོས་རེད་སྙམ།

ང་ཚོང་ལ་རང་དབང་ཐོག་ནས་སྡོམ་ཁ་གཉིས་ཡོད་པ་འདི་གཉིས་ཀྱི་ནང་ནས་གཅིག་སྡོམ་དགོས་པ་ལས་གཉིས་ཀ་ལ་ཡིན་མདོག་མདོག་བྱས་བསྡད་པ་ཡིན་ན་ནམ་ཞིག་སུ་ཡང་ང་རང་ཚོའི་ཕྱོགས་སུ་མེད་པ་ཞིག་ཆགས་ཡོང་གི་རེད་སྙམ།

ང་རང་ཚོ་རྒྱ་ནག་གི་ཁུངས་གཏོགས་སྡོད་ཀྱི་ཡིན་ན་བོད་མི་རིགས་འདི་ལ་རྒྱ་ནག་མི་སེར་གྱི་ཐོབ་ཐང་ཡོད་པའི་ཐོག་ནས་བཙན་བྱོལ་བོད་ཀྱི་མཛད་གཙོ་རྣམ་པ་གོང་ཁྲན་ཏང་མི་ནང་དུ་འཛུལ་ཞུགས་བྱེད་ནས་རྒྱ་བལ་འབྲུག་གསུམ་ལ་དམར་ཕྱོགས་པའི་དབང་འགྱུར་བྱེད་ན་བྱ་བ་རླབས་ཆེན་ཞིག་འགྲུབ་ངེས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་ཡིད་ཆེས་དང་བློ་གཏོད་ཐོབ་ངེས་རེད་སྙམ།

དེ་མིན་པའི་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དགོས་འདུན་བཏོན་པ་ཡིན་ནའང་རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་ཀྱི་མ་རེད་ལ་བྱ་བ་འགྲུབ་ཀྱི་ཡང་མ་རེད།

ང་རང་ཚོ་ཕར་ཕྱོགས་རྒྱ་ནག་གི་ཕྱོགས་སུ་ཡོད་མདོག་མདོག་རེ་དང་ཚུར་ཕྱོགས་ཨ་རིའི་དང་རྒྱ་གར་གྱི་ཕྱོགས་སུ་ཡོད་མདོག་མདོག་བྱས་ནས་ཁེ་ཕན་གཉིས་ཟ་བྱས་བསྡད་པ་ཡིན་ན་ཕར་ཕྱོགས་ཚུར་ཕྱོགས་གཉིས་ཀའི་ངོས་ལེན་མེད་པ་དང་ཡིད་ཆེས་མེད་པ་ཞིག་ཡོང་ངེས་རེད་སྙམ།

ང་རང་ཚོའི་བོད་གཞུང་མང་གཉིས་ཀའི་ལམ་ཕྱོགས་རྩ་བ་བརྟན་པོ་ཡོད་པའི་ཐོག་ནས་ཕྱོགས་གཅིག་ལ་ཡིད་ཆེས་བློ་གཏོད་བྱེད་དགོས་པར་གནས་ཚུལ་གལ་ཆེན་པོ་རེད་འདོད།།      །།

བོད་མིའི་སྐྱབས་སུ་བཅོལ་སའི་རྒྱལ་ཁབ་དང་།།
ཕ་མེས་ཡང་མེས་བསད་པའི་རྒྱ་ནག་གཉིས།།
སུ་ཞིག་མ་འོང་གྲོགས་སུ་བརྟེན་དགོས་མིན།།
སྡོམ་ཁ་ཡོད་ཀྱང་སྡོམ་ལུགས་ཤེས་པ་དཀའ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།: