དྷ་སའི་ས་གནས་འོས་བསྡུ།

དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དྷ་རམ་ས་ལའི་ས་གནས་འགོ་འཛིན་དང༌སྐབས་༧པའི་ས་གནས་གྲོས་ཚོགས་འཐུས་མིའི་སྔོན་འགྲོའི་འོས་བསྡུ་གཉིས་དུས་གཅིག་ཏུ་གནང་སོང༌།

གཞན་ཡང་དྷ་རམ་ས་ལའི་ས་གནས་འགོ་འཛིན་དང་ས་གནས་གྲོས་ཚོགས་འཐུས་མིའི་འོས་བསྡུ་དེ་ཉིད། དྷ་རམ་ས་ལའི་ཁོངས་སུ་གཏོགས་པའི་ས་གནས་གྷོ་པ་པུར་དང༌། བརྒྱུད་སྟོད་གྲྭ་ཚང༌། ས་རཱ་མཐོ་སློབ། དྷ་ཤོད། གངས་སྐྱིད། བུ་གསོ་ཁང༌། ཅུ་མུ་ཌ་བཅས་སུའང་འོས་བསྡུ་བྱས་དང་བྱེད་བཞིན་པ་རེད་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་གོང་འཕེལ་ཕྱིན་པའང༌། གང་ལྟར་ཐེངས་འདིར་སྔར་དང་མི་འདྲ་བ་མི་མང་རྣམས་ཀྱིས་རང་དོན་རང་གཅེས་ཀྱི་འོས་ཤོག་འཕེན་པར་འཚང་ཁ་ཤིག་ཤིག་ངང་ཡོང་གིན་འདུག

འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་མི་མང་པོ་ཞིག་ད་ལྟ་དྷ་རམ་ས་ལ་གནས་སྡོད་བྱས་ཡོད་པ་གང་ཞིག་ལ། བོད་མིའི་དཔྱ་ཁྲལ་ལག་དེབ་དེའི་སྟེང་ས་གནས་བལ་ཡུལ་དང༌། ས་གནས་གཞན་འཁོད་ཡོད་པ་མང་པོ་ཞིག་འོས་ཤོག་འཕེན་མ་བཅུག་པ་ཕྱིར་ལོག་བཏང་སོང༌།

སྔོན་འགྲོ་བའི་འོས་བསྡུ་འདིའི་ཐོག ས་གནས་འགོ་འཛིན་༡དང༌། ས་གནས་གྲོས་ཚོགས་ཀྱི་འཐུས་མི་མི་གྲངས་༡༥འདེམས་དགོས་ཀྱི་འདུག ས་གནས་ཀྱི་འོས་ཤོག་འཕེན་པར་དོ་བདག་སོ་སོའི་དཔྱ་ཁྲལ་ལག་དེབ་གསར་རྙིང་གང་རུང་ནས། འོས་འཕེན་པའི་མིང་གཞུང་དེབ་འགོད་ཟིན་པ་དང༌། དཔྱ་དངུལ་གཙང་འབུལ་ཟིན་པ། ས་གནས་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༢ནང་འཁོད་ལྟར། ས་གནས་དེར་གཏན་འཇགས་གནས་སྡོད་བྱེད་མཁན་གྱི་མི་མང་ཡིན་དགོས་པ། ས་གནས་གཞན་ནས་གནས་སྤོ་བྱས་པ་གང་ཞིག ས་གནས་དེར་ལོ་ཧྲི་པོ་༥ཡན་སྡོད་ཟིན་པ་བཅས་དགོན་ཀྱི་ཡོད་པ་རེད།

ཐེངས་འདིར་ས་གནས་འགོ་འཛིན་སྐབས་ག་ཚོད་ཆགས་ཀྱི་ཡོད་མེད་དང༌། དངོས་གཞིའི་འོས་བསྡུ་དེ་ག་དུས་གནང་རྒྱུ་ཡིན་མིན་བཅས་ཀྱི་སྐོར། གཙུག་ལག་ཁང་དུ་འོས་བསྡུ་བྱེད་མཁན་ལས་བྱེད་དང༌། ལྟ་རྟོགས་བྱེད་མཁན་ས་གནས་བརྒྱ་དཔོན་ཁག་ཅིག་ལ་སྐད་ཆ་དྲིས་རུང༌། ཁོང་ཚོས་ཀྱང་ཤེས་རྟོགས་བྱུང་མི་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༡ཚེས་༡༡ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།