བོད་མི་བདུན་འཛིན་བཟུང་།

ཟླ་འདིའི་ཚེས་༢༥ཉིན་གྱི་རེས་གཟའ་ཟླ་བ་ཉིན་བལ་གཞུང་གིས་བོད་རིགས་གནས་སྡོད་སའི་ཐན་ཁའོ་ཊི་ནས་བོད་མི་བདུན་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཞིག་འདི་ག་གསར་འགྱུར་ཁང་གིས་ཤེས་རྟོགས་བྱུང་ཡོད་པ་རེད། ས་གནས་དབང་འཛིན་ལས་ཁུངས་ནས་རྒྱལ་ས་ཀ་ཐུ་མན་ཌུའི་ཡི་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་སུ་ཉིན་གཅིག་ལ་བོད་མི་བདུན་རྩིས་སྤྲོད་བྱས་ཡོད་པ་དང། ཆུ་ཚོད་ཁ་ཤས་ཀྱི་རིང་ལ་འདྲི་གཅོད་བྱས་རྗེས། ཁོང་ཚོའི་ནང་གི་མི་གསུམ་ལ་རྒྱ་ནག་གི་ཡུལ་སྐོར་ལག་ཁྱེར་ཡོད་པ་དང་། གཞན་བཞི་ལ་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་R.Cཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

རྒྱ་གར་གྱི་ལག་ཁྱེར་ཡོད་མཁན་མི་བཞི་ལ་བལ་སྒོར་༡༥༠༠༠ཉེས་ཆད་བཏང་ཡོད་པ་མ་ཟད། ཉིན་བདུན་གྱི་ནང་ནས་ཕྱིར་རྒྱ་གར་དུ་ལོག་དགོས་པའི་བཀའ་བཏང་ཡོད་འདུག གཞན་གསུམ་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་དང་རྒྱ་ནག་གི་ཡུལ་སྐོར་ལས་དོན་ཁང་དུ་བསྐྱལ་ཡོད་པ་རེད། གནས་ཚུལ་གོ་ཐོས་ལྟར་ན། དབུས་གཙང་གི་བུད་མེད་ལོ་༧༠ཅན་ཞིག་དང་ཕ་ཡུལ་མདོ་སྨད་ནས་ཡིན་པའི་རང་ལོ་༦༤ཅན་གྱི་སྐྱེས་པ་གཅིག མདོ་སྟོད་ནས་ཡིན་པའི་ལོ་ན་༥༧ཅན་གྱི་སྐྱེས་པ་གཅིག་བཅས་ཡིན་པ་རེད། ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༨ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།