སྙན་ཞུ་བཀག་འགོག་བྱས་པ།

སུའུ་ཏན་གྱི་ཏར་ཕོར་ས་ཁུལ་དུ་མཚོན་ཆ་ཕྱིར་ཚོང་བྱས་ནས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཡ་ང་བ་བྱུང་བཞིན་ཡོད་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེའི་སྐོར་གྱི་སྙན་ཞུ་ཕུལ་བར་རྒྱ་ནག་གིས་བཀག་འགོག་བྱེད་ཀྱི་ཡོད་པ་རེད།

ཏར་པུར་ས་ཁུལ་དུ་རྒྱལ་སྤྱིའི་དྲག་ཆས་སྐྱེལ་འདྲེན་བཀག་འགོག་བསྟུད་མར་ལོ་༦ལ་བྱས་ཡོད་ཀྱང༌། རྒྱ་ནག་གཞུང་གིས་ཁྲིམས་མཐུན་གྱིས་སུའུ་ཏན་དུ་དྲག་ཆས་མཚོན་ཆ་ཕྱིར་ཚོང་བྱེད་རྒྱུ་གཏན་འཁེལ་ཡོད་ནའང༌། ཏར་པུར་དུ་མཚོན་ཆ་དེ་དག་བཀོལ་སྤྱོད་མི་ཆོག་པ་བཟོས་ཡོད། སྙན་ཞུའི་ནང་དུ་བརྗོད་དོན་ལྟར་ན། འདས་པའི་ལོ་གཉིས་གོང་དུ་སུའུ་ཏན་སྲིད་གཞུང་གིས་གློ་བུར་དུ་ཏར་ཕོར་ལ་དྲག་གནོན་བྱེད་པའི་སྐབས་སུ། རྒྱ་ནག་ནས་འཚོང་འདྲེན་བྱས་པའི་མཚོན་ཆ་རིགས་༡༢ཙམ་བཀོལ་སྤྱོད་བྱས་ཡོད་པའི་བདེན་དཔང་བརྙེད་ཡོད་རེད།

ཏར་ཕོར་ས་ཁུལ་གྱི་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་དྲག་ཆས་རུ་ཁག་གི་ནང་དུ་རྒྱ་ནག་གི་རླངས་འཁོར་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ལ་སེམས་འཚབ་ཆེན་པོ་བསླངས་ཡོད་འདུག

སུའུ་ཏན་གཞུང་གིས་ཏར་ཕོར་ས་ཁུལ་གྱི་གཞུང་རྒོལ་ནུས་ཤུགས་ལ་དྲག་གནོན་བྱེད་པའི་ཆེད་དུ་མི་རིགས་བར་དམར་གསོད་ཚབས་ཆེན་བྱེད་དུ་བཅུག་པ་དང༌། ༢༠༠༣ལོའི་ཟླ་༢ནས་ད་ལྟ་བར་དུ་མི་༢༧༠ཙམ་ཁྱིམ་མེད་དུ་གྱུར་བ་དང༌། ཉུང་མཐར་མི་ཁྲི༣༠ཙམ་གྱིས་སྲོག་ཤོར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཞུ་རུ་བཀོད་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་ཚུལ་དེར་བཀག་འགོག་འགན་ལེན་གནང་ནས་སུའུ་ཏན་དང་གླེང་མོལ་བྱེད་ཀྱི་ཡོད་པ་དང༌། རེས་གཟའ་ལྷག་པའི་ཚོགས་འདུའི་ཐོག་ཏུ། རྒྱ་ནག་ཕྱི་འབྲེལ་ཁང་གི་ཀྲོ་པོ་ཀང་གིས། དོན་དངོས་དང་འགལ་བ་དང་རྫུན་རྐུབ་མང་དུ་ཐོན་པའི་སྙན་ཞུ་འདི་ལ་རྒྱ་ནག་གིས་ངོ་རྒོལ་ཡོད་ཞེས་བཤད་ཡོད་པ་རེད།

རྒྱ་ནག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཡང་ཐའོ་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་འདི་ལ་ད་དུང་ལེགས་བཅོས་གཏོང་དགོས་ས་མང་པོ་འདུག་ཅེས་བརྗོད་པ་མ་ཟད། དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་འདྲ་མཉམ་དྲང་གཞག་གི་རྩ་དོན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་འདུག

རྒྱ་ནག་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དུས་ཡུན་རིང་པོར་ལས་འཛིན་གནང་བའི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས། སྙན་ཞུའི་ཤུགས་རྐྱེན་ཆེ་ཁག་ལ་བསྒྱུར་བཅོས་དང་བཀག་འགོག་བྱེད་ཆོག་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༢ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།