བྱམས་བརྩེ་སྐོར་བགྲོ་གླེང་།

ཁ་སང་ཕྱི་ཚེས་༡༩ཉིན་ཨ་རིའི་མངའ་སྡེ་ཇོ་ཇི་ཡའི་གྲོང་ཁྱེར་ཨེ་མོ་རིའི་ནང་ཡོད་པའི་ཨེ་མོ་རི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གི་དེ་སྔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་༼མཁས་དབང་གི་གཟེངས་བསྟོད་༽ཕུལ་སའི་ཚོགས་ཁང་དེའི་ནང༌། འཛམ་གླིང་བྱམས་བརྩེ་སྤེལ་ཐབས་སྐོར་བགྲོ་གླེང་ཞིག་ཚོགས་འདུག

༼གསར་གཏོད་ཀྱི་འགྲུལ་བཞུད། སྒྱུར་རྩལ་པས་ཏཱ་ལའི་བླ་མ་མཆོག་དང་ཆོས་ཕྱོགས་དང་གསར་གཏོད་གླེང་བ་༽ཞེས་པའི་བགྲོ་གླེང་དེའི་ཐོག་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་རི་ཆ་གྷིར་དང༌། ཨ་རིའི་གསར་འགོད་རིག་པའི་གསེར་གྱི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ཨལ་སི་ཝལ་ཁར་བཅས་མཉམ་ཞུགས་བྱས་ཡོད་པ་རེད།

འཛམ་གླིང་ཁྱོན་དུ་བྱམས་བརྩེ་སྤེལ་ཐབས་ཀྱི་བགྲོ་གླེང་དེའི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་གི་མི་རྣམས་ཀྱིས་སོ་སོའི་ཕན་ཐོགས་ཀྱི་བྱེད་ནུས་ལ་བརྟེན་ནས། མང་གཙོ་དང༌། གུ་ཡངས། སྒེར་གྱི་རང་དབང་བཅས་གོང་མཐོར་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིས་རྒྱུན་དུ་མང་གཙོ་དང༌། རང་དབང་ལ་འབད་པར་བསྔགས་བརྗོད་དང༌། ཨ་རི་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་མཁན་ལྟ་བུ་ཞིག་ཡིན་པས། གལ་སྲིད་ཨ་རིས་ཚུལ་མིན་གྱི་ལས་ཤིག་བྱས་ཚེ། དེས་འཛམ་གླིང་ཁྱོན་དུ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཅེས་གསུངས་འདུག

མ་ཚད་བགྲོ་གླེང་དེའི་སྐབས། འཁྲབ་སྟོན་པ་དང་རི་ཆ་གྷིར་དང་སྐུ་ཞབས་ཨལ་སི་ཝལ་ཁར་གཉིས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྗེ་བཙུན་མི་ལ་རས་པའི་སྐོར་ཡང་བཀའ་མོལ་གནང་འདུག

མཇུག་མཐར། གྲོང་ཁྱེར་ཨེ་མོ་རིའི་སྲིད་འཛིན་གཞོན་པ་དང་དྲུང་ཆེ་མཁས་དབང་རོ་སི་མཱ་རིད་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་༼ང་ཚོའི་མཁས་དབང་༽ཞེས་འབོད་པར། ཁོང་གིས་ཐུགས་རྗེ་དང་བཀའ་དྲིན་ཆེ་ཞེས་ཞུས་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༠ཚེས་༢༠ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།