ཡོ་རོབ་བོད་མིས་ལས་འགུལ།

ཡོ་རོབ་ཁུལ་དུ་ཡོད་པའི་བོད་མི་ཚོས་མ་འོངས་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ནང༌ཡོ་རོབ་ཁུལ་གྱི་སྤྱི་འཐུས་ཀྱི་འོས་འདེམས་ཐད་ལས་འགུལ་རྒྱ་ཆེར་སྤེལ་བཞིན་ཡོད་པ་རེད། དེ་ཡང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཡོ་རོབ་ཁུལ་དུ་གནས་སྡོད་བྱས་པའི་བོད་མི་རྣམས་ཀྱི་འཐུས་ཚབ་མི་༢དགོས་པའི་ བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ནང་འཁོད་ལྟར།  ཡོ་རོབ་བོད་རིགས་མཐུན་ཚོགས་ཀྱིས། ཡོ་རོབ་ཁུལ་གྱི་སྤྱི་འཐུས་ཚད་ལྡན་ཞིག་སླེབས་ཆེད། ད་ལྟ་ནས་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད་འདུག

སྐབས་གཉིས་པའི་ཡོ་རོབ་བོད་རིགས་གྲོས་ཚོགས་གོ་སྒྲིག་པའི་ཚོགས་གཙོ་ཐུབ་བསྟན་རྒྱལ་མཚོ་ལགས་ཀྱིས། ངའི་བསམ་པར་ཡོ་རོབ་ཁུལ་དུ་ཡོད་པའི་བོད་མི་ཚོས་འཐུས་ཚབ་འདི་ནི་གལ་ཆེན་ཞིག་ཡིན་པ་ཚང་ལས་ཤེས་རྟོགས་དགོས་ཀྱི་ཡོད་པ་རེད། དེ་སྔོན་ཡོ་རོབ་ཁུལ་གྱི་སྤྱི་འཐུས་འོས་འདེམས་སྐབས། ཁྱོན་འོས་འཕེན་ཐོ་འགོད་བྱས་པའི་བོད་མི་༢༢༢༤ཙམ་གྱི་ནང་དངོས་སུ་འོས་ཤོག་འཕེན་མཁན་མི་གྲངས་༨༠༠ལས་བྱུང་མེད་དུས། བརྒྱ་ཆ་༣༦ལས་ཟིན་ཡོད་པ་མ་རེད། དེ་ནི་སེམས་ཤུགས་ཆགས་གཞི་ཞིག་ཏུ་གྱུར་ཡོད་པ་རེད། མང་གཙོ་ཚད་ལྡན་ཞིག་ཡོང་བར་ལས་གཞིའི་ནང་མི་མང་གིས་ཆ་ཤས་ལེན་དགོས་ཀྱི་ཡོད་པ་རེད། དེའི་སྐབས་སུ་ང་ཚོས་བཙན་བྱོལ་བོད་གཞུང་གི་དཀའ་ངལ་དེ་སེལ་ཐབས་ཞིག་བྱ་རྒྱུའི་རེ་སྒུག་བྱས་པ་ཡིན། བོད་ནང་དུ་ད་ལྟ་གནས་ཚུལ་ཛ་དྲག་ཆགས་བསྡད་ཡོད་པ་རེད།  དཀའ་ངལ་དེར་ཨུ་ཚུགས་ཐོག་རྒྱ་ནག་དང་ལྷན་དུ་སྐད་ཆ་བྱེད་ནས་སེལ་ཐུབ་རྒྱུ་ཞིག་མ་རེད། དེ་ལས་བོད་པ་མི་རེ་ངོ་རེས་འོས་མི་ཚད་ལྡན་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ལས་དོན་དེའི་ཐོག་ནས་ང་ཚོའི་མང་གཙོ་འཕེལ་རྒྱས་དང་ལས་དོན་སྲ་བརྟན་དུ་འགྱུར་ངེས་རེད་ཅེས་གསུངས་འདུག

ཡོ་རོབ་ཁུལ་དུ་ཡོད་པའི་བོད་མི་ཚོས་དྲ་འབྲེལ་འདིའི་  http://europetibetancongress.wordpress.com/ ཐོག་ནས་སོ་སོའི་འོས་མི་འོས་འདེམས་བྱེད་ཐུབ་ཀྱི་ཡོད་འདུག་ལ། འོས་མི་དེ་ཡང་རང་ལོ་༢༥ལས་མི་ཆུང་བ་གང་ཞིག ཡོ་རོབ་དུ་གནས་སྡོད་བྱེད་ཡོད་པ། བཙན་བྱོལ་བོད་མིའི་དཔྱ་ཁྲ་ལག་དེབ་ཡོད་མཁན་བཅས་དགོས་ཀྱི་ཡོད་འདུག ད་དུང་གནས་ཚུལ་དེ་ལས་ཁ་གསལ་བ་དགོས་ཚེ། ཡོ་རོབ་བོད་རིགས་མཐུན་ཚོགས་ཀྱིས་སྐུ་ངོ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བཟོས་པའི་བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱ་དེའི་ཐོག་ནས་ཀྱང་གནས་ཚུལ་ཁ་གསལ་པོ་ཆགས་རྒྱུའི་རེ་བ་བྱེད་བཞིན་འདུག

ཡོ་རོབ་བོད་མིའི་གྲོས་ཚོགས་ཐེངས་གཉིས་པ་དེ་འདི་ལོ་ཕྱི་ཟླ་༡༠པའི་ཚེས་༡༥ནས་༡༧བར་འཚོགས་གཏན་འཁེལ་འདུག་ལ། སྐབས་དེའི་གྲོས་གཞི་གཙོ་བོ་ནི་མ་འོངས་སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ནང་ཡོ་རོབ་ཁུལ་གྱི་སྤྱི་འཐུས་ཚད་ལྡན་ཞིག་སླེབས་པར་མང་ཚོགས་ནས་འོས་བསྡུའི་ལས་རིམ་ནང་ཆ་ཤས་ཆེན་པོ་བླངས་ཐུབ་པ་བྱ་རྒྱུའི་སྐོར་གྲོས་སྡུར་བྱ་རྒྱུ་ཡིན་འདུག མ་འོངས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ནི་ཕྱི་ལོ་༢༠༡༠ཟླ་༡༠པ་དང༌། དངོས་གཞིའི་འོས་བསྡུ་ནི་ཕྱི་ལོ་༢༠༡༠ཟླ་༣པའི་ནང་ཡིན་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།