རྒྱ་ནག་ལ་བསྔཌ་བརྗོད་ཡོད་ཟེར།

ཟླ་འདིའི་ཚེས་༢༨ཉིན་འཇར་མན་གྱི་རྒྱལ་ས་བྷར་ལིང་ནང༌འཇར་མན་གཞུང་གི་འགོ་ཁྲིད་དང་རྒྱ་ནག་གཞུང་གི་འཐུས་མི་དབར་༼སྲོག་ཁྲིམས་ཀྱི་ལག་ལེན་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་༽ཞེས་པའི་བརྗོད་གཞི་ཐོག་གྲོས་མོལ་ཞིག་བྱས་འདུག སྐབས་དེར་རྒྱ་ནག་གཞུང་གི་འཐུས་ཚབ་ཚོས་མ་འོངས་རྒྱ་ནག་གཞུང་གིས་སྲོག་ཁྲིམས་ཀྱི་ཉེས་པ་མེད་པ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

གྲོས་མོལ་དེའི་སྐབས་འཇར་མན་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་སྐུ་ཞབས་ལོ་ཨེ་ནིང་ལགས་ཀྱིས། རྒྱ་ནག་གཞུང་གི་སྡེ་ཚན་འདྲ་མིན་གྱི་བློན་ཆེན་དང༌། དེ་བཞིན་ཆེས་མཐོའི་མི་མང་ཁྲིམས་ཁང་སོགས་ཀྱི་ཁྲིམས་དཔོན་ཚོ་དང་ལྷན་དུ། ཁོང་ཉིད་ཀྱི་ཆེས་ཐོག་མའི་རྒྱ་ནག་གཞུང་གི་འཐུས་ཚབ་མི་སྣ་དང་ལྷན་དུ་སྲོག་ཐོག་གི་ཁྲིམས་ཆད་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་མོལ་གནང་རྒྱུ་བྱུང་བ་དེ་ནི་ཧ་ཅང་གི་དགའ་འོས་པ་ཞིག་རེད་ཅེས་གསུངས་འདུག

ཡང་སྐུ་ཞབས་ལོ་ཨེ་ནིང་ལགས་ཀྱིས་གྲོས་སྡུར་དེའི་ཐོག་དེང་སང་རྒྱ་ནག་ནང་རྒྱུན་ཆད་མེད་པ་སྲོག་ཁྲིམས་གཅོད་བཞིན་པའི་གླེང་སློང་དེིའི་ཐད། རྒྱ་ནག་གཞུང་གི་འཐུས་ཚབ་ཚོས་དེང་སང་རྒྱ་ནག་ནང་སྲོག་ཐོག་གི་ཁྲིམས་ཆད་ཉུང་དུ་བཏང་ཡོད་པ་དང་། མ་འོངས་རྒྱ་ནག་གཞུང་གི་སྲོག་ཁྲིམས་ཀྱི་ཉེས་པ་མེད་པ་བཟོ་རྒྱུའི་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།

གྲོས་མོལ་དེའི་ཐོག་བཙོན་པའི་སྨན་བཅོས་དང་ཁྲིམས་རྩོད་པ་ཐེ་བའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་སུ་གཏོང་རྒྱུ་གསལ་པོ་བྱུང་སོང་ཞེས་འཇར་མན་གྱི་གསར་ཁང་ཞིག་གི་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།

ཐེངས་འདིའི་གྲོས་མོལ་ཐོག་རྒྱ་ནག་གི་འཐུས་ཚབ་ཚོས་རྒྱ་ནག་གི་མི་མང་ཚོའི་སྤྱི་ཚོགས་ཞེ་འཇགས་དང༌། ཤེས་ཡོན། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་འགན་ལེན་དེའི་ཐོག་ནས་ཁོང་གིས་བསྔགས་བརྗོད་ཀྱང་བྱས་ཡོད་པ་རེད།

ཡང་ཁོང་གིས་གལ་ཆེ་ཤོས་ཤིག་ནི་དེང་སང་རྒྱ་ནག་ནང་མི་སེར་བརྒྱ་ཆ་༩༠ཐམ་པའི་ཡི་གེ་འབྲི་ཀློག་ཐུབ་ཀྱི་ཡོད་པ་ནི་ང་ཚོས་ངོས་ལེན་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་ངོ་བཅུ་ཕྲག་༢ཙམ་གྱི་ཚུན་ནས་ཀྱང༌། རྒྱ་ནག་ནང་དངུལ་འཕོང་དང་ཉམས་ཐག་ས་ཡ་མང་པོ་ལྷག་ཡོད་པ་དེ་ལའང་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་རེད་ཅེས་གསུངས་འདུག

འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧྥུ་དབྱིན་གྱིས། རྒྱ་ནག་གཞུང་གིས་ནུབ་ཕྱོགས་པས་འགྲོ་བ་མིའི་ཐོབ་ཐང་གཞི་འཛིན་སྟངས་དེར་ངོས་ལེན་མེད་ཚུལ་དང༌། དེ་བཞིན་ཁོང་ཚོས་རྒྱ་ནག་གཞུང་གིས་སྲོག་ཐོག་གི་ཁྲིམས་ཆད་དེའི་ནང་རིགས་མི་འདྲ་བ།་དཔེར་ན། ལོ་གཉིས་སྲོག་ཐོག་ལ་མཚོན་ན། ལོ་ངོ་གཉིས་རིང་བཙོན་པ་དེས་ནག་ཉེས་གང་ཡང་བསགས་མེད་ཚེ། ཚེ་བཙོན་དུ་བསྒྱུར་བ་དང༌། ཚེ་བཙོན་གྱི་ཁྲིམས་ཆད་དེའི་ཐོག་ནས་ཀྱང༌། དུས་བཀག་ངེས་ཅན་དང་དུས་ཡུན་ཐུང་དུ་གཏོང་གི་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༣༡ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།