ཁེ་ན་ཌར་ཆིབས་བསྒྱུར།

ཁེ་ན་ཌ་བོད་རིགས་རིག་གཞུང་ལྟེ་གནས་དང༌ཁེ་ན་ཌའི་མངའ་སྡེ་ཨོ་ཊི་རོའི་བོད་རིགས་མཐུན་ཚོགས་བཅས་ཀྱིས་གདན་ཞུས་ལྟར། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་༡༠པའི་ཚེས་༢༢ནས་༢༥བར་ཉིན་གྲངས་༣རིང་ཁེ་ན་ཌའི་གྲོང་ཁྱེར་ཆེ་ཤོས་ཊོ་རོན་ཊོ་སོགས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་པར་ཕེབས་འཆར་ཡོད་པ་རེད།

སྐབས་དེའི་མཛད་འཆར་ནང་ཕྱི་ཟླ་༡༠པའི་ཚེས་༢༣ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ ཊོ་རོན་ཊོ་རུ་ཁེ་ན་ཌ་བོད་རིགས་རིག་གཞུང་ལྟེ་གནས་ཀྱི་མཛད་སྒོ་ཞིག་དབུ་འབྱེད་གནང་རྒྱུ་དང༌། དེ་རྗེས་མི་མང་ལ་༼འགྲོ་བ་མིས་འཛམ་གླིང་ཞེ་བདེ་སྐྲུན་པའི་ཐབས་ལམ་༽ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག

ཡང་ཕྱི་ཚེས་༢༤ཉིན་ཁེ་ན་ཌའི་མངའ་སྡེ་ཨོ་ཊི་རོའི་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་མགོན་པོ་གང་ཉིད་ཀྱིས་དད་ལྡན་མི་མང་རྣམས་ལ་ཚེ་དབང་དང༌། བློ་སྦྱོང་ཚིག་བརྒྱད་མའི་ལྗགས་ལུང་གནང་རྒྱུ་དང༌། དེ་བཞིན་མཚན་འབྲོག་ (Tsengdok Monastery ) དགོན་པ་སོགས་ནས་མཉམ་འབྲེལ་གྱིས་སྐབས་དེར་མགོན་པོ་གང་ཉིད་ལ་བསྟན་བཞུགས་ཤིག་ཀྱང་འབུལ་འཆར་ཡོད་འདུག ད་ལྟའི་ཆར་ཁེ་ན་ཌ་རུ་ཁྱོན་བོད་མི་སྐྱབས་བཅོལ་བ་མང་ཤོས་ཏེ་སྟོང་ཕྲག་༥ལས་ལྷག་གྲོང་ཁྱེར་ཊོ་རོན་ཊོ་རུ་གནས་སྡོད་བྱས་ཡོད་འདུག

སྐབས་དེར་གང་ཉིད་ཀྱི་གསུང་ཆོས་དང་བཀའ་སློབ་གསན་པར་འཛིན་བྱང་ www.dalailamatoronto2010.org དྲ་བ་འདིའི་ནང་ཉོ་སྒྲུབ་བྱེད་ཐུབ་ཀྱི་ཡོད་པ་དང༌། དེ་བཞིན་ནང་སེམས་དང་འབྲེལ་བའི་བཀའ་སློབ་ཁག་ཀྱང་གཤམ་དུ་དྲ་འབྲེལ་འདིའི་ཐོག་ནས་ http://www.dalailama.com/teachings/training-the-mind གསན་གཟིགས་ཐུབ་ཀྱི་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།