མི་འབོར་ཞིབ་བཤེར།

རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བའི་ཕྱི་ལོ་༢༠༡༠ལོར་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་༦པ་བྱ་རྒྱུ་ལས་དོན་གཏན་འབེབས་ལྟར། ཟླ་འདིའི་ཚེས་༢༥ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ལས་འཆར་ལྷ་སར་སྐོང་ཚོགས་དང༌། དེ་རྗེས་ལྷ་ས་གྲོང་ཁྱེར་ནང་ལས་དོན་ལག་བསྟར་འགོ་འཛུགས་བྱས་ཡོད་འདུག

བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་༦པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དེའི་ཐོག བོད་རང་སྐྱོང་ལྗོངས་ཟེར་བའི་ཀྲུའུ་ཞི་གཞོན་པ་དང༌། ཞིབ་བཤེར་ཚོགས་ཆུང་གི་འགོ་ཁྲིད་ཧའོ་ཕུང་གིས། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་དེ་ཞི་བདེའི་དུས་སྐབས་ཀྱི་སྤྱི་ཚོགས་བྱེད་སྒོ་གལ་ཆེ་ཤོས་ཀྱི་གྲས་ཤིག་དང༌། བོད་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་བོད་ཀྱི་གཞི་རྩའི་གནས་ཚུལ་སྔར་བརས་རྒྱུས་མངའ་ཡོང་བ་དང༌། ཁོང་དུ་ཆུད་པ་བྱས་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་འགོད་བཟོ་བར་སོགས་ཀྱི་ངོས་ནས་བརྗོད་ན་གལ་ཆེའི་ནུས་པ་ལྡན་ཡོད་པས། མི་འབོར་ཞིབ་བཤེར་ཐེངས་༦པའི་ལས་དོན་ནན་ཏན་དུ་སྒྲུབ་དགོས་ཞེས་བརྗོད་འདུག

ད་ལྟའི་ཆར་ལྷ་ས་གྲོང་ཁྱེར་ནང་མི་འབོར་ཞིབ་བཤེར་གྱི་ལས་དོན་འགོ་འཛུགས་བྱས་ཡོད་པ་དང༌། ཐེངས་འདིའི་ཞིབ་བཤེར་ནང༌། གནས་སྡོད་བྱེད་མཁན་གྱི་ཕོ་མོ་དབྱེ་བ་དང༌། ལོ་ཚོད། སྡོད་གནས། ལས་ཀ་སོགས་དང༌། དེ་བཞིན་བཟོ་སྐྲུན་གྱི་རྒྱ་ཁྱོན་དང༌། སོ་ཐོག ཁང་མིག་གི་གྲངས་ཚད། སྡོད་ཁང་ནང་ཐབ་ཚང་དང་གསང་སྤྱོད་ཡོད་མེད་སོགས་ཀྱི་ནང་དོན་ཁག་༡༢ཙམ་ཚུད་ཡོད་འདུག དེ་བཞིན་གལ་སྲིད་བོགས་གཏོང་ཁང་པའི་ནང་སྡོད་མཁན་ཞིག་ཡིན་ཕྱིན་སྐབས་དེར་ཚང་མས་ཇི་མ་ཇི་བཞིན་འབྲི་དགོས་ཞེས་བཀོད་འདུག

གཞན་ཡང་ལྷ་སར་སྡོད་མཁན་ཤང་ཀང་བ་དང༌། ཨོ་མན་པ། རྒྱལ་ཁོངས་ཕྱི་རྒྱལ་བ་བཅས་ཀྱང་ད་རེས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ཁྱབ་ཁོངས་ནང་བཅུག་ཡོད་འདུག་ལ། ཐོ་འགོད་ནང་རུས་མི་དང༌། ཕོ་མོའི་དབྱེ་བ། མི་རིགས། རྒྱལ་ཁོངས། སློབ་གསོ་ཐེབས་ཚད་སོགས་དོན་ཚན་ཁག་༡༠ལྷག་ཙམ་ཚུད་ཡོད་འདུག

གྲོང་མིའི་འཚོ་བའི་ཡོངས་ཁུངས་དང༌། མ་མཐའི་འཚོ་བ་འགན་ལེན་ཡོང་འབབ་སོགས་ཀྱི་ནང་དོན་ཡང་ཐོ་འགོད་ནང་འཇུག་པ་ཐེངས་དང་པོ་ཡིན་པ་དང༌། ཡོངས་ཁྱབ་ཞིབ་བཤེར་བྱེད་རིང་ཐེམ་ཐོ་བཟོས་མེད་པའི་གྲོང་མིར་རིན་མེད་ཐོག་ཐེམ་ཐོ་བཟོ་རྒྱུ་ཡིན་ཟེར། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༧ཉིན།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།