སྐྱོན་བརྗོད་དང་ཉེན་བརྡ།

ཉེ་ཆར་དབྱིན་ཇིའི་གཞུང་འཛིན་གསར་པའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཝི་ལམ་ཧ་གྷུའེ་མཆོག་གིས་བོད་ནང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་ཤུགས་ཆེར་བྱས་པ་དེ། རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་ཉེན་བརྡ་ཡང་བཏང་འདུག

དེ་ཡང་ཟླ་འདིའི་ཚེས་༡༤ཉིན་དབྱིན་ཇི་སྲིད་གཞུང་གསར་པའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཝི་ལམ་ཧ་གྷུའེ་མཆོག་རྒྱ་ནག་པེ་ཅིང་དུ་ཡུལ་གཉིས་དབར་གྱི་ཚོང་འབྲེལ་ཆེད་འཚམས་གཟིགས་སུ་བསྐྱོད་སྐབས། ཁོང་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གིས་ཕྱི་སྲིད་བློན་ཆེན་ཡང་ཇི་ཀྲི་ལ། དམིགས་བསལ་བོད་ཀྱི་གནད་དོན་ཐེ་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཁ་རྡུང་དང་གླེང་སློང་ཤུགས་ཆེར་བྱས་པ་དེ། ཉེ་ཆར་རྒྱ་ནག་གཞུང་གི་༼རྒྱ་ནག་ཉིན་རེའི་གསར་ཤོག་༽སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ། དབྱིན་གཞུང་གིས་བོད་དོན་ཐོག་གི་ལྟ་སྟངས་འགྱུར་ལྡོག་འགྲོ་བཞིན་པར་སྐྱོན་བརྗོད་དང༌། གནད་དོན་དེས་མ་འོངས་ཡུལ་གཉིས་དབར་གྱི་འབྲེལ་ལམ་ལ་དོགས་ཕོག་འགྲོ་རྒྱུ་ཡིན་ལུགས་ཉེན་བརྡ་ཡང་བཏང་ཡོད་པ་རེད།

དེ་སྔོན་དབྱིན་ཇིའི་གཞུང་འཛིན་རྙིང་པའང་ལས་འཛིན་གོང་མའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཌེ་ཝི་ཌི་ལགས་ཀྱིས། རྒྱ་ནག་གཅིག་གི་སྲིད་ཇུས་ཟེར་བ་དང་བོད་ནི་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་རྒྱབ་སྐྱོར་བྱས་ཡོད་ཀྱང༌། ཟླ་འདིའི་ནང་གི་ཐུགས་འཕྲད་དེའི་ཐོག་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་དང༌། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇི་ཀྲི་དང་གཞན་རྒྱ་ནག་གཞུང་གི་འགོ་ཁྲིད་ཁག་ཅིག་དབར་དབྱིན་ཇིའི་གནས་བབ་གསར་པའི་གནད་དོན་དང༌། རྒྱ་ནག་གཞུང་གིས་འགོ་ཁྲིད་ཚོས་རྒྱ་ནག་གི་ས་ཆ་བདག་དབང་དུ་ཡོད་པའི་བོད་ནི་ཚོར་ཤུགས་ཆེར་བའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་ཡང་བྱས་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༢༠ཉིན།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།