ཆོག་མཆན་ཕུལ་མི་འདུག

རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་འདིའི་ནང་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་རྡོ་རྗེ་མཆོག་བདུན་ཕྲག་གཉིས་རིང་ཨ་རིར་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་པར་ཕེབས་འཆར་དེར། རྒྱ་གར་གཞུང་གིས་ཆོག་མཆན་ཕུལ་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།
དགུང་ལོ་༢༥ཕེབས་པའི་དཔལ་རྒྱལ་བ་ཀརྨ་པ་མཆོག་ནི་ཀརྨ་བཀའ་བརྒྱུད་པའི་དབུ་ཁྲིད་ཅིག་དང༌། རྒྱལ་བ་ཡབ་སྲིད་རྣམ་གཉིས་གོང་དུ་ཕུད་པའི་བོད་མི་ཚོས་མཆོག་ཏུ་བཀུར་བའི་དམ་པ་ཁོང་ལ། རྒྱ་གར་གཞུང་གིས་ཆོག་མཆན་མ་ཕུལ་བའི་རྒྱུ་མཚན་སོགས་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།
སྤྱིར་ཐེངས་འདིར་དཔལ་༧རྒྱལ་བ་ཀརྨ་པ་མཆོག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་༧རྒྱལ་བ་ཀརྨ་པའི་ཆོས་ཚོགས་ཀྱི་མགྲོན་འབོད་ལྟར། ཟླ་འདིའི་ཚེས་༡༤ཉིན་དབུ་འཛུགས་ཀྱིས་བདུན་ཕྲག་གཉིས་རིང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་འཆར་ཡོད་པ་ཞིག་རེད་ཅེས་དཔལ་༧རྒྱལ་བ་ཀརྨ་པ་མཆོག་གི་ཆིབས་སྒྱུར་གོ་སྒྲིག་པ་དང་དྲུང་ཆེ་མགོན་པོ་ཚེ་རིང་ལགས་ཀྱི་འགྲེལ་བརྗོད་གནང་འདུག
དཔལ་༧རྒྱལ་བ་ཀརྨ་པ་མཆོག་ནི་ད་ལྟའི་ཆར་བཞུགས་སྒར་དྷ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་དཔལ་ལྡན་བརྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཀྱི་ཡོད་པ་དང༌། ཕྱི་ལོ་༢༠༠༨ལོར་གང་ཉིད་ཨ་རིར་ཐོག་མར་ཕེབས་ཡོད་ཀྱང༌། རྒྱུན་དུ་རྒྱ་གར་གཞུང་གིས་གང་ཉིད་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཆིགས་བསྒྱུར་བསྐྱང་རྒྱུར་མཆོག་མཆན་དེ་ཙམ་སྤྲོད་ཀྱིན་མེད་པ་རེད།
མ་ཚད་འདི་ལོ་ཕྱི་ཟླ་༥པའི་ནང་ཁོང་ཉིད་ཡོ་རོབ་ཏུ་ཕེབས་འཆར་ཡོད་ཀྱང་རྒྱ་གར་གཞུང་གིས་ཆོག་མཆན་མ་ཕུལ་བའི་རྐྱེན་གྱིས། ཆིབས་སྒྱུར་མཛད་འཆར་ཕྱིན་འཐེན་བྱེད་དགོས་བྱུང་བ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༡༧ཉིན།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།