ཆུ་ལོག་གི་གནོད་སྐྱོན།

རྒྱ་ནག་གི་ལྷོ་ཤར་ཁུལ་གྱི་ས་ཁུལ་ཁག་༩༠ལ་ཆར་ཤུགས་ཆེན་པོ་བརྒྱབ་པ་ལ་བརྟེན་ནས་ད་ལྟ་ཆུ་ལོག་དང་ས་རི་བསྙིལ་ནས་ས་ཞིང་ཁང་ཁྱིམ་དང་མི་རྒྱུ་སྒོ་སོག་བཅས་ལ་གྱོང་གུད་ཐེབས་ཡོད་པ་དང༌། ཆུ་ལོག་དང་ས་རི་བསྙིལ་བའི་འབྱུང་བའི་གནོད་ཚབས་ཆེན་པོ་དེའི་འོག་ད་བར་མི་༦༠༠ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་ད་དུང་ཡང་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་པ་རེད།

དེ་ཡང་རྒྱལ་སྤྱིའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཆུ་ལོག་དང་ས་རིལ་བསྙིལ་བའི་གནོད་སྐྱོན་འོག་ས་ཁུལ་ཁག་༩༠ནས་མི་༦༠༠འདས་གྲོངས་དང་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་པ། མི་མང་ས་ཡ་༢༩ལྷག་གི་སྡོད་ཁང་ལ་གནོད་སྐྱོན་ཐེབས་ཏེ་ད་བར་མི་༩༩༧༠༠༠ལྷག་གནས་སྤོ་བྱས་ཐུབ་ཡོད་ནའང་འབྱུང་བའི་གནོད་པ་རྒྱུན་ཆད་མེད་པར་སླེབས་བཞིན་ཡོད་ལུགས་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་ཤིན་ཧ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་དཀའ་ངལ་ཁྲོད་མུ་མཐུད་གནས་བཞིན་མི་མང་ཚོའི་ཆེད་ཡུལ་དེའི་དམག་དཔུང་སྟོང་ཚོ་མང་པོ་དང་དེ་བཞིན་མྱུར་སྐྱོབ་དཔུང་སྡེ་རུ་ཁག་སྟོང་ཚོ་མང་པོས་འབྱུང་བའི་གནོད་པའི་ཁྲོད་ལུས་ཡོད་པའི་མི་མང་ལ་རོགས་འདེགས་བྱེད་བཞིན་ཡོད་སྐོར་ཡང་སྤེལ་ཡོད་པ་རེད། ད་ལྟ་རྒྱལ་སྤྱིའི་མྱུར་སྐྱོབ་རུ་ཁག་དང་སྐྱོབ་གསོ་རུ་ཁག་སླེབས་མིན་དང་རྒྱ་ནག་གཞུང་གི་ངོས་ནས་རོགས་དེ་དག་དགོས་མིན་སོགས་གནས་ཚུལ་གང་ཡང་ཐོན་མི་འདུག་པ་བཅས་ཀྱི་གསར་གནས་སུ།། ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༧ཚེས་༡༤ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།