འོས་བསྡུ་དེབ་སྐྱེལ་སྒོ་བརྒྱབ་པ།

མི་མང་འོས་བསྡུའི་ནང་ཞུགས་མ་ཞུགས་ཀྱིས་གནས་སྟངས་དེ་ཛ་དྲག་ཅན་ཞི་ཡིན་པའི་སྐོར་མི་ཧ་ཅང་མང་པོ་ཞིག་གིས་གླེང་དང་གླེང་བཞིན་ཡོད་ལ། དེ་བཞིན་ཆ་ཤས་བླངས་དང་མ་ལེན་ཞེས་པའི་གནད་དོན་ཡང་གཅིག་མཚུངས་ལྷག་བཞིན་ཡོད། གང་ལྟར་ཉེ་དུས་ནས་སྤྱིར་འོས་བསྡུ་དེབ་སྐྱེལ་གྱི་དུས་ཡུན་༢༠༡༠ལོའི་ཟླ་༦པའི་ཚེས་༡༨ནས་ཟླ་༨པའི་ཚེས་༡༨བར་ཡིན་པར་བརྟེན། དུས་ཚོད་དེ་ཐུང་དྲག་འདུག་གསུང་མཁན་མང་པོ་ཡོད་པ་རེད་དེ་ས་གནས་འོས་ལྷན་ཁང་ཁག་གིས་ལས་དོན་བྱེད་ཕྱོགས་དེས་མི་མང་ལ་སེམས་ཤུགས་སྤེལ་ཐབས་ཡོང་མིན། དེ་བཞིན་མི་མང་གི་ངོས་ནས་ལྷན་ཁང་དེ་དག་གི་རྣམ་འགྱུར་སོགས་ལ་བརྟེན་ནས་སེམས་ཤུགས་ཆགས་མིན་སོགས་ཡོང་གི་ཡོད་པ་གསལ་པོ་རེད།
གུས་དེ་རེས་ལས་བྲལ་ཆེ་ཙམ་ཡོད་ནའང་བཞུགས་སྒར་དྷ་རམ་ཤ་ལའི་ས་གནས་འོས་བསྡུ་དེབ་སྐྱེལ་བྱེད་སར་ཕྱིན་པ་ཡིན། དེ་ནི་ཟླ་༧པའི་ཚེས་༡༣ཉིན་གྱི་ཉིན་རྒྱབ་ཚོུད་༢་༣༠ཐོག་ཏག་ཏག་ཁེལ་འདུག སྟབས་མ་ལེགས་པ་ཞིག་ལ་དེབ་སྐྱེལ་སྒོ་རྒྱབ་ཡོད་ལུགས་དེབ་སྐྱེལ་བྱེད་སའི་བདེ་དོན་ཁོར་ཡུག་ཚོགས་ཁང་ནང་དུ་ཡོད་པའི་བུ་མོ་ཞིག་བསྡད་ཡོད་པ་དེས་བཤད་བྱུང༌། སྤྱིར་ཚོགས་ཁང་གི་མདུན་ངོས་ཀྱི་སྒོ་ཕྱེས་བཞག་པ་དེར་བལྟས་ན་ད་དུང་དེབ་སྐྱེལ་བྱེད་བཞིན་པའི་རྣམ་པ་འདུག་ལ། ལྷག་པར་དུ་ཚོགས་ཁང་ནང་གི་དེབ་སྐྱེལ་བྱེད་སའི་མ་དེབ་བང་བསྒྲིགས་ནས་ཡོད་པ་དེ་ཚོར་བལྟས་ན་དེ་ལས་ཀྱང་སྒོ་ཕྱེས་ནས་ཡོད་པའི་རྣམ་པ་འདུག འོན་ཀྱང་རང་དབང་ལག་དེབ་ཀྱི་མ་དེབ་བརྒྱ་ལྷག་བང་བསྒྲིགས་པའི་ཁྲོད་དུ་བུ་མོ་གཅིག་གཅིག་པུ་ཡོད་པ་དེ་ནི་དེ་རེས་ཉིན་རྒྱབ་ནས་འོས་བསྡུ་དེབ་སྐྱེལ་བྱེད་རྒྱུར་མཚམས་འཇོག་བྱས་ཡོད་པའི་སྐོར་ལན་འདེབས་བྱེད་མཁན་དེ་རེད་འདུག ཁྱོད་དེབ་སྐྱེབ་བྱེད་མཁན་ཡིན་ན་སང་ཉིན་ཡོང་ན་འགྲིག་ལུགས་ཤོད་མཁན་དེ་ཡང་རེད་འདུག
ད་རེས་རྒྱུ་མཚན་གང་ལ་བརྟེན་ནས་དེབ་སྐྱེལ་མཚམས་འཇོག་བྱས་ཡོད་མེད་སྐོར་དྲི་འདོད་ཤུགས་ཆེན་ཡོད་པ་ནི་ང་དང་ང་འདྲ་བའི་མི་མང་པོ་ཞིག་དེབ་སྐྱེལ་གྱི་ཆེད་དུ་དུས་ཚོད་བཅད་ནས་ཡོང་མཁན་ཞིག་ལ་ཆ་བཞག་ན་དེ་ལས་ཀྱང་རྒྱུ་མཚན་འདྲི་འདོད་སྐྱེ་དགོས་པ་ཞིག་རེད། གུས་པས། བུ་མོ་ལགས་ད་རེས་ག་རེ་བྱས་ནས་སྒོ་བརྒྱབ་པ་རེད་ཅེས་ཞུས་པར། ཁོང་གིས། རྣམ་འགྱུར་དང་བཅས་མི་དེ་ཕྱིར་ཕྱིན་སོང༌། ཞེས་བཤད་དེ་འགོ་སྒུར་ནས་གློག་ཀླད་ལྟ་བཞིན་ཁ་ཡ་མ་བྱས་པ་མ་ཟད། གལ་གནད་ཆེ་བའི་འོས་བསྡུའི་གནད་དོན་ལ་ཐུགས་ཁུར་གནང་མཁན་ཞིག་གཏན་ནས་རེད་མི་འདུག་བསམས་ནས་བློ་ཕམ་ཡང་བྱུང་ལ། དེ་སྔོན་མི་མང་གི་ཁྲོད་དུ་འོས་བསྡུ་དེབ་སྐྱེལ་བརྒྱ་ཆ་ཐེབས་ཆགས་དེ་འདྲ་བྱུང་བའི་བཙན་བྱོལ་བོད་མིའི་མང་གཙོའི་ལོ་རྒྱུས་དེ་སླར་ཡང་དྲན་སོས་ཐེབས་དགོས་པ་ཞིག་བྱུང༌། གང་ལྟར་གནད་འགག་ཆེ་བའི་དེ་འདྲ་ཞིག་གི་དུས་ཚོད་དེར་བོད་མི་ཞིག་ཡིན་པ་དང་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་འགན་གཉིས་ཡོད་པ་སྟེ། བོད་ཀྱི་མི་སེར་ཞིག་ཡིན་པའི་ཆ་ནས་བོད་འབངས་ཀྱི་འགན་ཁུར་དགོས་པ་དང༌། གསར་འགོད་པ་ཞིག་ཡིན་པའི་ཆ་ནས་གསར་འགོད་པའི་ལས་འགན་ཡང་སྒྲུབ་དགོས་ཀྱི་ཡོད་པ་རེད། གུས་པས་སླར་ཡང༌། ག་རེ་བྱས་ནས་སྒོ་བརྒྱབ་པ་རེད་ཅེས་སྐད་ཅུང་མཐོ་པོས་དྲིས་ཀྱང་མི་དེ་ཕྱིར་ཕྱིན་སོང་ཞེས་ལན་འདེབས་བྱས་པ་ལས་མིག་གིས་ཀྱང་བལྟ་ཡི་མི་འདུག དེར་བརྟེན་གུས་པས་དབུས་འོས་བསྡུ་ལྷན་ཁང་ལ་ཁ་པར་ཞིག་བཏང་བ་ཡིན། གོང་གི་སྒོ་བརྒྱབ་པའི་གནས་ཚུལ་བཤད་ཀྱང༌། ས་གནས་འོས་བསྡུ་ལ་འགན་ཆ་ཚང་ཡོད་པར་བརྟེན་དེར་འབྲེལ་བ་བྱེད་ན་ཞེས་གསུངས་བྱུང༌། དེ་རྗེ་ས་གནས་སྐུ་ངོ་བདེན་དོན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་ཁོང་ད་རེས་རིགས་ལམ་སློབ་གཉེར་ཁང་དང་ཀིརྟི་བྱིས་པ་གྲ་ཚང་བཅ་སུ་འོས་བསྡུའི་དེབ་སྐྱེལ་དོན་དུ་ཕེབས་ཡོད་ལུགས་དང་ས་གནས་འོས་བསྡུ་དེབ་སྐྱེལ་བྱེད་རྒྱུར་སྒོ་བརྒྱབ་མེད་ལུགས་གསལ་འགྲེལ་གནང་སོང༌། གང་ལྟར་ད་རེས་ཉིན་རྒྱབ་ནས་མི་མང་ཇི་ཙམ་སླེབས་ཡོད་ཀྱང་འོས་བསྡུ་དེབ་བྱེད་ཐུབ་མེད་པས་དུས་ཡུན་ཐུང་ཐུང་ནང་གི་རིང་པོ་ཞིག་བེད་མེད་དུ་ཕྱིན་ཡོད་པས་མི་མང་གིས་འོས་བསྡུའི་ནང་ཆ་ཤས་བླངས་མ་བླངས་ཀྱི་གནད་དོན་ཆ་ཚང་ལ་མི་མང་ལ་འགན་ཁག་བཞག་རྒྱུ་མེད་པ་ཞིག་རེད་སྙམ།
ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༧ཚེས་༡༣ཉིན།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།