སྐུ་འོས་སྤྱི་འཐུས་ཤིག་གི་ཐུགས་སྣང་ཞེན་སྐུལ།

ཟླ་འདིའི་ཚེས་༢༤ ཉིན་གྲོས་ཚོགས་ཐོག་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཞུ་སྦྱོར་དེབ་འགོད་ ༨ པའི་བཅད་ཁྲ་ཉམས་ལེན་གྱི་མཇུག་གནོན་ཆེད་འཛིན་སྐྱོང་ནས་འགན་ཆེ་ཙམ་བཞེས་ཏེ་མཐུན་འགྱུར་གནང་དགོས་པའི་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་ཆོད་ཅིག་བཀའ་ཁྲི་མཆོག་ལ་ཞུས་ཡོད་པ་རེད། གྲོས་འཆར་དེ་ཚོགས་ཐོག་ཏུ་འདོན་མཁན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་པ་རེད། གཞེན་བསྐུལ་ཞུ་ཡུལ། དཔལ་ལྡན་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་མཆོག

༄༅། །༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་སྟེ་མི་ལོ་ ༢༠ འདས་པའི་རིང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་འོག་བཀོད་སྒྲིག་བྱས་པ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་འབྲེལ་ཆགས་དོན་ཚན་ཁག་གཞིར་བཟུང་དང། དམིགས་བསལ་གྱོད་ཡའི་མོས་མཐུན་ཆོད་ཡིག་བཞག་སྟེ་སྤྱི་སྒེར་གྱི་དཀའ་རྙོག་མང་པོ་ཞིག་ལ་གཏུག་བཤེར་རིམ་བྱུང་ཐད་ཁྲིམས་ཞིབ་ཀྱི་བྱ་རིམ་ཆ་ཚང་བའི་ཐོག་ནས་བཅད་ཁྲ་བཏང་བ་ཉམས་ལེན་ཚུལ་མཐུན་བྱས་དང་མ་བྱས་ཅི་རིགས་ཡོད་པའི་ཁོངས། ཁ་མཆུ་ཞུ་སྦྱོར་དེབ་འགོད་ ༨ ལོ་དུས་ ༢༠༠༡ ཁ་མཆུ་ཞུ་སྦྱོར་འགོ་འཛུགས་ཀྱི་དུས་ཚེས་ ༢༠༠༡/༡༢/༡ གྱོད་གཞི་(མིང་) མང་ཚོགས་ཀྱི་ཁེ་ཕན་སྐོར། ཞེས་པ་དེར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༠༤ ཟླ་ ༩ ཚེས་ ༢༤ ཉིན་བཅད་ཁྲ་བཏང་བའི་འབྲུ་དོན་རྣམས་བཅད་ཁྲ་དེ་གཏོང་ཚེས་ནས་བཟུང་ཉིན་གྲངས་ ༣༠ ནང་ཚུད་ལག་བསྟར་འགོ་འཛུགས་ཟིན་པ་དགོས་སྐོར་གསལ་ཡོད་ནའང། གྱོད་ཡ་རྩོད་ལན་པས་བསྐྱར་ཞིབ་ཀྱི་སྙན་ཞུ་འབུལ་རྒྱུའམ། བཅད་ཁྲ་ཉམས་ལེན་བྱ་རྒྱུ་ཕར་ཞོག་གནས་ཡུལ་སིམ་ལ་མངའ་སྡེའི་མཐོ་རིམ་ཁྲིམས་ཁང་དུ་གནད་དོན་དེ་དང་སྦྲེལ་ནས་གྱོད་ཡ་ཞུ་སྦྱོར་བས་མིང་ཤས་བཟོས་སྐོར་གྱོད་གཏུག་བྱས་ཏེ་བཅད་ཁྲ་དེ་བཏང་ནས་ལོ་ ༧ དང་ཕྱེད་ཙམ་ཕྱིན་པའི་དེ་རིང་ཡང་བཅད་ཁྲ་ཉམས་ལེན་བྱས་མེད་པ་འདིར་བཞུགས་ཀུན་གྱིས་མཁྱེན་གསལ་རེད།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་ ༢༠༡༡ ཕྱི་ཟླ་ ༡༢ པའི་གནས་འཕྲིན་ནང་ཟླ་ ༡༢ ཚེས་ ༢༢ ཉིན་ཁྲིམས་ཞིབ་པ་རྣམ་པ་དང་། སྤྱི་ལྷན་ཚོགས་གཙོ། བཀའ་ཁྲི་བཅས་ལྷན་ཚོགས་བསྐྱངས་སྐབས། “རྒྱ་གར་ས་གནས་ཁྲིམས་ཁང་ནས་ཟླ་བ་ཚེ་རིང་དང་པ་སངས་ཚེ་དབང་གི་ཁ་མཆུར་བཅད་ཁྲ་བཏང་བའི་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་ངོས་འཛིན་གནང་བའི་མཇུག་གནོན་བྱེད་ཕྱོགས་སྐོར་གྱི་ཚིག་ཐོ་སྙན་སྒྲོན་གནང།” ཞེས་འཁོད་དོན་ལ་གཞིག་ན་ཁ་མཆུ་དེར་ཡུལ་ཁྲིམས་གྱི་ཐོག་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་ངོས་འཛིན་གནང་ཟིན་པ་ཞིག་རེད་འདུག་པ་དང། ཤེས་ཚོད་ལྟར་ན་འདས་ལོའི་ཕྱི་ཟླ་ ༨ པ་ནས་དེ་ལྟར་ངོས་འཛིན་ཐག་གཅོད་གནང་བ་ཞིག་ཡིན་འདུག་པས་བཀའ་ཤག་དང་། ཤེས་རིག་ལས་ཁུངས་གཉིས་ནས་བཅད་ཁྲའི་དགོངས་དོན་ཕར་སྤྲོད་ཚུར་ལེན་ཆེད་འབད་བརྩོན་ཇི་ཞུས་གྲོས་ཚོགས་འཐུས་མི་རྣམ་པས་གཙོས་པའི་རྒྱ་ཆེའི་མང་ཚོགས་སུས་ཀྱང་ཤེས་རྟོགས་བྱུང་མེད།

ཁ་མཆུ་དེ་ཡུལ་ཁྲིམས་ལ་གཏུགས་རྗེས་བར་སྐབས་བོད་མིའི་སྒྲིག་འཛུགས་འདི་ཉིད་གནས་མི་གནས་ཀྱི་ས་མཚམས་ལ་སླེབས་པའི་ཉེན་ཚབས་ཅན་ཞིག་ཏུ་ངོས་འཛིན་གནང་མྱོང་བ་མ་ཟད་བོད་མིའི་སྒྲིག་འཛུགས་ནས་ཀྱང་མི་གྲོན་དང་རྒྱུ་གྲོན་ཡང་གང་འཚམས་བཏང་ཡོད་པར་སོང་གཞེན་བསྐུལ་ཞུ་དོན་གྱི་སྙིང་པོ། ༡༽ ཁ་མཆུ་དེར་ཡུལ་ཁྲིམས་ནས་ཐག་གཅོད་ག་དུས་གནང་མིན་དང། ཐག་གཅོད་ཇི་གནང་གི་བཅད་ཁྲའམ། ཡིག་ཆ་ཇི་ཡོད། དེ་བཞིན་འབྲེལ་ཡོད་ཤེས་རིག་ལས་ཁུངས་ནས་ད་བར་བཅད་ཁྲ་དེ་ཉམས་ལེན་ཡོང་ཐབས་ཆེད་མཇུག་གནོན་དངོས་གནས་གནང་ཡོད་མེད་དང། གནང་ཡོད་ཚེ་གནང་ལུགས་གནང་སྟངས་དང། དཀའ་ངལ་ཇི་འཕྲད་བཅས་རབ་བྱུང་ན་ཚོགས་གཙོའི་བཀའ་འཁྲོལ་འོག་གྲོས་ཚོགས་འདིའི་ནང་གསལ་བཤད་ཡོང་ཐབས་དང། དེ་ལྟར་མ་བྱུང་ཚེ་འདི་ལོའི་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ནང་ངེས་པར་འགོད་གནང་ཡོང་བ་ཞུ།

༢༽ དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་བཅད་ཁྲ་ཉམས་ལེན་གྱི་མཇུག་གནོན་བྱེད་ཕྱོགས་གོ་བསྡུར་ཚོགས་འདུར་ཞུགས་གནང་སྲོལ་ཡོད་འདུག་པ་ལྟར། མ་འོངས་པ་ཡང་བཅད་ཁྲར་མཇུག་གནོན་མེད་པར་ལྷ་ཁང་མེ་ཡིས་ཚིག་ཀྱང་འཛུམ་མུལ་མུལ། ཞལ་ཟས་ཁྱི་ཡིས་ཟོས་ཀྱང་འཛུམ་མུལ་མུལ། ཞེས་པ་ལྟར་གནང་ཚེ། ཁྲིམས་ཀྱི་དབང་བསྒྱུར་ཞེས་པའི་ཚིག་དོན་གཉིས་ཀ་ལ་དོ་ཕོག་འགྲོ་རྒྱུ་དང། ཕྱི་རུ་ཞབས་བྲོ་རྒྱག་པ་ལ། ནང་དུ་རྡོག་བྲོ་འགྲིག་པ་དགོས་ཞེས་པ་ལྟར་བཀའ་ཤག་གི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་གཅིག་སྒྲིལ་ཡོང་ཐབས་དཀའ་ཞིང་། འབྲེལ་ཆགས་གཞུང་སྒེར་གཉིས་ཀར་སྐུ་ངལ་མུ་མཐུད་འཕྲད་རྒྱུ་ཉག་གཅིག་ཏུ་སོང་། ཕར་གཡོལ་ཚུར་བཀལ་དང། གཡས་ཁག་གཡོན་དཀྲི་མེད་པར་བཅད་ཁྲ་ཉམས་ལེན་གྱི་མཇུག་གནོན་ཆེད་འཛིན་སྐྱོང་ནས་འགན་ཆེ་ཙམ་བཞེས་ཏེ་མཐུན་འགྱུར་གནང་དགོས་པའི་ ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་དུ། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༢ ལ།

བཀའ་ཁྲི་མཆོག་གིས་ཁྲིམས་ཞིབ་ཁང་ནས་འགན་ཁུར་དེ་ཐབས་ཤེས་བྱེད་བཞིན་ཡོད་སྐོར་དང་། འཛིན་སྐྱོང་ནས་ཁྲིམས་རྩོད་པ་ཞིག་ལྷན་གོ་བསྡུར་བྱེད་བཞིན་ཡོད་ཅེས་ལན་གནང་སོང་། བང་ཆེན་ལས་དྲངས།

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།