རྡོར་གདན་དུ་མཐོང་ཐོས་ཁག་ཅིག

འདི་ལོ་བོད་ཕྱི་ནང་གང་ས་ནས་དུས་དབང་གི་ཆེད་དུ་ལུས་སྲོག་ཚུན་ཆད་བློས་བཏང་བྱས་ནས་ཕེབས་པའི་ཆོས་ཞུ་བ་ཆེས་མི་ཉུང་བ་ཞིག་རྡོར་གདན་དུ་མཉམ་འཛོམས་བྱུང་ཡོད། སྐབས་དེར་བདག་ལ་མཚོན་ན་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱུང་སོང་། དེ་ཡང་ཐོག་མ་ཁོ་བོ་ཕྱི་ཚེས་༡གི་དགོང་མོར་gayaམེ་འཁོར་བབ་ཚུགས་སུ་ཚོུད་༡༠།༤༥ཐོག་འབྱོར་སོང་། དེ་སྔོན་རྒྱུད་ལམ་ཁག་ནས་གཞོན་ནུ་དྭང་བླང་རུ་ཁག་གིས་ཞབས་ཞུ་སྒྲུབ་རབས་ཀྱི་གཏམ་སྙན་དེས་ང་ཡང་དྭང་བླང་རུ་ཁག་གི་ཕྱོགས་སུ་ཐོན། དྭང་བླང་བ་རྣམས་ཁག་ཅིག་གཟིམས་ཁུག་པ་དང་ཁ་ཤས་རྐུག་བཀྱག་སྒང་བཞུགས་འདུག  ངས་ཁོང་ཚོར་འདི་གཡས་གཡོན་དུ་མགྲོན་ཁང་རག་གི་རེད་དམ་ཞེས་བཀའ་འདྲི་ཞུ་ཡིན། ཁོང་ཚོས་ནང་ཧིན་སྐད་ཐོག་བཀའ་མོལ་གནང་སོང་མཐའ་མི་གཞན་ཞིག་གིས་དེང་སང་མགྲོན་ཁང་ཡག་པོ་མི་འདུག་སྒུག་ཁང་དུ་འདུག་གིན་ཡིན་ན་ཡར་རྒྱུགས་གསུངས་སོང། ཁོ་བོས་བསམ་པ་ལ་ཕྱི་ལོག་ནས་ཉན་ནས་འདུག་པ་དང་འདིར་དངོས་སུ་ལག་ལེན་གཉིས་ཏོག་ཙམ་ལོག་ཁ་ཆག་འདུག་སྙམ་པའི་ཚོར་སྣང་ཞིག་བྱུང་། ཡིན་ནའང་དེ་སྔོན་ཚོགས་གཞོན་གྱིས་ཡོད་ཚད་ལ་ལག་པ་འཆང་མི་ཐུབ། དེ་རིང་གཙོ་བོ་ཞབས་ཞུ་སྒྲུབ་ས་དེ་བོད་ནས་ཕེབས་པའི་ཆོས་ཞུ་བ་ཡིན་གསུང་པའི་གནས་ཚུལ་དེར་ཕྱི་དྲན་ཞིག་བརྒྱབ་ནས་རྣམ་རྟོག་གིས་སྤྲོས་པ་དེ་ཙམ་མ་བྱས། བདག་ལ་མཚོན་ན་རྡོར་གདན་དུ་བཅར་བ་ཐེངས་དང་པོ་ཡིན་པས་ས་ཚིགས་དང་དགོན་པ་སོགས་ཀྱི་མཚན་གཏན་ནས་ཤེས་ཀྱི་མེད།

gaya ནས་ཐོན་སའི་སྣུང་འཁོར་ཆུང་ངུ་དེས་དགོན་ཆེན་ཞིག་གི་མདུན་སར་འཇོག་སོང་། དེར་མི་ཚོགས་ཧ་ཅང་མང་བ་མ་ཟད་མང་ཤོས་གྲྭ་བཙུན་རེད་འདུག ངས་བསམ་ན་མཆོད་རྟེན་ཆེན་མོ་དེ་འདིའི་ཉེ་འགྲམ་ཞིག་ཡིན་ཐག་ཆོད་རེད་སྙམ་ནས་རྒྱབ་ཁུག་དེ་ཟ་ཁང་ཞིག་ཏུ་བཅོལ་ནས་དར་དཀར་ཞིག་གྲ་སྒྲིག་བྱས་ནས་ཆིབས། ངས་གོམ་པ་སྤོ་ཞོར་དུ་ལྟ་དུས་དྲྭ་ལམ་གྱི་རྒྱུད་ནས་མཇལ་མྱོང་ཡོད་པའི་སྙིང་ཉེ་བའི་གྲོགས་པོ་ཁག་ཅིག་ངའི་མདུན་དུ་ཕེབས་བཞིན་འདུག་ད་དུང་དྲྭ་ཐོག་ནས་གནས་ལུགས་དང་རྒྱུ་མཚན་ལ་རིན་ཐང་གཏན་ནས་མི་བརྩིས་པས་ངོ་ཐུག་བྱུང་ན་འཇོག་རྒྱུ་མིན་པའི་བརྡ་ལན་སྤྲོད་མཁན་མི་སྣ་ཁག་གཅིིག་ཀྱང་གཞུག་ན་འོང་བཞིན་འདུག ཕྱིས་སུ་ལྟ་དུས་དེ་ནི་རྙིང་དགོན་སར་རེད་འདུག་ལ་མཆོད་རྟེན་ཆེན་མོ་ནས་ལེ་དབར་ཁ་ཤས་བར་ཐག་ཆོད་འདུག རྣམ་རྒྱལ་གྲྭ་ཚང་མདུན་དུ་སླེབས་དུས་གཞོན་ནུའི་ཚོགས་པས་གསལ་སྒྲགས་བྱེད་བཞིན་པ་གོ་བྱུང་། ཞིབ་ཏུ་ཉན་རྗེས་བོུ་སྒྲོལ་དཀར་ལགས་ག་པ་ཡོད་ན་གཞོན་ནུའི་གསལ་སྒྲགས་སྒང་ཁྱེད་རང་གི་པ་ལགས་བཞེས་ཁ་ཕེབས་རོགས་ཟེར་ནས་ཡང་ནས་བསྐྱར་དུ་འབོད་ཀྱི་འདུག

ང་ལམ་སང་དོག་མི་བདེ་བ་ཞིག་བྱུང་སོང་གང་ཡིན་ཟེར་ན་བཞེས་ཤིག་པ་དེ་བཟའ་བཏུང་གི་ཞེ་ས་ཡིན་པས་དོན་གྱི་བོུ་དེ་པ་ལགས་ཟ་ཁ་ཕེབས་རོགས་ཟེར་བ་ལྟ་བུ་ཞིག་གོ་བྱུང་། དེ་ནི་ང་བརྡ་སྤྲོད་རིག་པ་ལ་ཤེས་ཚད་དམན་པའི་རང་རྟགས་ལོས་ཡིན། མི་ཚོགས་ཇི་ཙམ་མང་ཡང་ནུབ་ཕྱོགས་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ནི་ཧ་ཅང་ལྷོད་དལ་ངང་ཕེབས་ནས་མི་མཛེས་པའི་རྣམ་འགྱུར་ངན་པ་ཞིག་ཕྱིར་གཏན་ནས་མངོན་གྱི་མི་འདུག བོད་པ་ཚང་ནི་དེ་ལས་ལྡོག་ནས་འཚང་ཁ་དང་འབུད་རྒྱག་ཡོད་ཡོད་རེད་འདུག མ་ཟད་སྐབས་རེ་བཞུགས་གནས་ཀྱི་དོན་དག་ལ་ཁ་རྩོད་དང་རྣམ་འགྱུར་ངན་པ་རེ་ཡང་ཕྱིར་མངོན་ཡོང་གིན་འདུག ད་དུང་བླ་རྒན་ཁག་ཅིག་གིས་རང་གི་བཞུགས་གནས་བདག་ཆེད་གདིང་བ་ཆེན་པོ་རེ་ས་གདན་ལ་འཚེམ་ཀྱི་འདུག ༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ག་དུས་གནང་ན་རང་གཅེས་འཛིན་དེ་དོར་དགོས་གསུང་པའི་གནད་ཆེའི་བཀའ་སློབ་དེས་མི་སྣ་འདི་ཚོར་སེམས་རྒྱུད་ལ་ཐིགས་པ་ཙམ་ཡང་ཕོག་ཡོད་ཚོད་མི་འདུག

མི་ཚོགས་འདི་དག་གི་གསེས་ན་བོད་ནས་ཕེབས་པའི་ཆོས་ཞུ་བ་དེ་དག་ལ་དམིགས་བསལ་གྱི་ཁྱད་ཆོས་རེ་འདུག ཁོང་ཚོས་༸གོང་ས་མཆོག་གི་ཞལ་རས་མཇལ་བ་དང་ཞལ་ནས་སྨོན་ཚིགས་འདི་གསུམ་ཐོན་གྱི་འདུག བོད་རང་དབང་རང་བཙན་རག་བར་ཤོག རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག བཅས་སྨོན་ཚིགས་འདི་གསུམ་གྲུབ་མཚམས་ཁོང་ཚོའི་གདོང་ལ་མིག་ཆུ་ཤག་ཤག་ཏུ་བཞུར་ཡོང་གིན་འདུག བཙན་བྱོལ་ནང་ཡོད་པའི་བོད་མི་མཐོ་དམན་སུ་ཡིན་རུང་༸གོང་ས་མཆོག་མཇལ་དུས་ཚོར་སྣང་འདི་ལྟ་བུ་ཡོད་པ་ཞིག་ངས་མཇལ་མ་མྱོང་། གསར་འགྱུར་ཚོས་༸གོང་ས་མཆོག་གཟིམ་ཆུང་ནས་གསུང་ཆོས་ར་བ་ནང་ཕེབས་ལམ་གྱི་ཟུར་དེར་འཚང་ཀ་ཇི་ལྟ་ཆེ་རུང་སྒུར་སྒུར་བྱས་ནས་བཞུགས་རྒྱུར་ཤིན་ཏུ་མོས། སྐབས་དེར་བོད་ཁམས་ཕྱོགས་ནས་ཕེབས་པའི་ཚོང་པ་ཞིག་གི་ཕྱུ་པ་རྒྱབ་ལོག་ནས་གཏུབས་ཏེ་ཀྲུང་སྒོར་ལྔ་ཁྲི་ཙམ་གྱི་མ་གནས་ཧིན་སྒོར་འབུམ་གསུམ་ལྷག་ཡས་མས་ཤིག་རྐུ་མར་ཤོར་འདུག ཚོང་པ་དེས་དེའི་སྐོར་བཤད་དུས། ངས་རྒྱ་གར་དེ་ཚོ་མ་རབས་ཡོད་རབས་བཤད་མོད། ཚོང་པ་དེའི་རོགས་པ་ཞིག་གིས་རྐུ་མ་དེ་རྒྱ་གར་མ་རེད་བོད་པ་ཕོ་གསར་དེ་འདྲ་རེད་ཅེས་གནས་ལུགས་རྒྱུ་མཚན་མང་པོ་བགྲང་བྱུང་། བདག་ནི་ཏོག་ཙམ་ཁ་སྐྱེངས་པའི་ཐོག་ནས་མི་ཚོགས་མང་སྟབས་མི་འདྲ་མིན་ཡོད་ངེས་རེད་ཅེས་བཤད་པ་ཡིན། ཚོང་པ་དེ་ཁ་རྗེ་དབང་ཐང་ཡོད་པའི་མི་ཞིག་རེད་འདུག་མ་གཏོགས་སྤྲང་པོ་སྤྲང་རྐྱང་བཟོ་འདུག ད་དུང་༸གོང་ས་མཆོག་ལ་སྐྱབས་བརྟེན་དང་བསྔོ་བརྟེན་ཕུལ་ས་ལ་ཡང་རྐུ་མ་ཡོད་རབས་ཀྱི་གནས་ཚུལ་བཤད་སོང་། གནས་ཚུལ་འདི་དག་ལ་བསམ་དུས་སྐབས་འཚོལ་རིང་ལུགས་པ་མི་ཉུང་བ་ཞིག་གིས་རྡོར་གདན་དུ་གོ་སྐབས་མི་དམན་ཙམ་རྙེད་ཡོད་པའི་ཚོར་སྣང་བྱུང་། དུས་དབང་དངོས་གཞིའི་སྐབས་སུ་གསུང་ཆོས་ར་བ་ནང་མ་ཐག་མཁན་དེ་ཚོས་ཕྱི་ལོག་རྣམ་གྲྭའི་སྒོ་མདུན་དུ་བཞུགས་གནས་བདག་ཆེད་དགོང་མོ་དེར་ཉལ་ནས་འདུག་སོང།

སང་སྔ་དྲོ་གསུང་ཆོས་དངོས་སུ་དབུ་འཛུགས་གནང་དུས་མི་མང་ཆེ་ཁ་ལག་ཟ་ནས་ཕྱིར་ཐོན་གྱི་འདུག་པ་མ་ཟད་ཁག་ཅིག་གཉིད་ཁུག་ནས་འདུག་སོང་། ཞིབ་ཏུ་བསམ་དུས་འདི་ཚོའི་མཚན་གང་དཀའ་ལས་རྒྱབ་པ་དེས་ཕན་ཐོག་བྱུང་མ་སོང་ཟེར་ནའང་འགྲིག་འདུག་སྙམ། དུས་དབང་གྲུབ་མ་ཐག་༸གོང་ས་མཆོག་གིས་བཀའ་གནང་དོན་། དུས་དབང་གྲུབ་པ་ཡིན་འོན་ཀྱང་དབང་འཐོབ་མ་ཐོབ་ཟེར་བ་དེ་ནི་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེ་ཡོད་མིན་ལ་རག་ལས་ཡོད་ཅེས་གསུང་སོང་། ཞལ་གསུང་གི་བཀའ་སློབ་འདིར་བསམ་ན་མི་མང་ཆེ་བ་ཞིག་ལ་དུས་དབང་གི་བྱིན་རླབས་ཙམ་ལས་དུས་དབང་དངོས་སུ་ཐོབ་མེད་པ་ལྟ་བུ་ཞིག་མཐོང་ཡོང་གིན་འདུག དེ་ནས་དེ་སྔོན་རྒྱུད་ལམ་ཁག་ནང་སྐུའི་སྲུང་སྐྱོབ་ཚགས་ཚུད་ཀྱི་གྲ་སྒྲིག་ཡོད་རབས་བཤད་ཀྱི་འདུག་པ་མ་ཟད་གསུང་ཆོས་ར་བ་ནང་ཁ་པར་དང་དཔར་ཆས་འཁྱེར་མི་ཆོག་སྟབས་ཕྱི་ལོག་ཏུ་བཅོལ་ས་ཡོད་གསུང་སོང། འོན་ཀྱང་ཁོ་བོ་དེར་དངོས་སུ་བཅར་དུས་ཁ་པར་དང་དཔར་ཆས་བཅོལ་ས་ཡོད་ཀྱང་དེར་དངུལ་སྤྲོད་དགོས། ཁ་པར་དང་དཔར་ཆས་སོ་སོར་བཅོལ་གླ་སྒོར་བཅུ་རེ་སྤྲོད་དགོས་ཀྱི་འདུག སྐབས་དེར་ངས་ཁོང་ཚོར་འདི་གོ་སྒྲིག་ཚོགས་པའི་གྲ་སྒྲིག་བྱེད་པ་ཞིག་མ་རེད་དམ་ཞུ་དུས་ཁོང་ཚོས་མ་རེད་བདེ་སྲུང་གི་རེད་གསུང་བྱུང། ཡིན་ནའང་ཁོང་ཚོས་འགན་འཁྱེར་བྱང་བུ་ལ་གོ་སྒྲིག་ཚོགས་པ་དང་བདེ་སྲུང་གཉིས་ཀའི་ལས་ཐམ་སོགས་ཅི་ཡང་མི་འདུག

སྤྱི་སྟངས་མི་ཚོགས་ཆེ་དྲག་ནས་ལུས་བཤེར་གནང་མཁན་ཚོ་ཡང་ཐུག་ཁག་མེད་པ་འདྲ་ཡིན་ནའང་ཚགས་ཚུད་མེད་པའི་རྣམ་པ་འདུག མི་ཁག་ཅིག་ལག་འཁྱེར་ཁ་པར་གསུང་ཆོས་ར་བ་ནང་བསྣམས་ཕེབས་ནས་༸གོང་ས་མཆོག་གི་གསུང་བོད་དུ་ཐད་གཏོང་གནང་གིན་འདུག མདོ་ན་འདི་ལོ་དུས་དབང་ཐེངས་སོ་གཉིས་པའི་དངོས་ཀྱི་གདུལ་བྱ་གྱུར་པའི་སློབ་མའི་དབང་དུ་བྱས་ན་ཆོས་བརྒྱུད་བཞི་གཡུང་དྲུང་བོན་དང་བཅས་དབུ་ཁྲིད་བླ་ཆེན་རྣམ་པ་གདན་འཛོམས་པ་དང་མི་འབོར་གྱི་དབང་དུ་བྱས་ན་སྔོན་ལྟར་བྱུང་མ་མྱོང་བའི་འབུམ་གསུམ་ཡས་མས་ཤིག་མཉམ་འཛོམས་བྱུང་བ་བཅས་ལ་ལྟས་ན་འདི་ལོ་དུས་དབང་འདི་བཞིན་དམིགས་བསལ་ཅན་ཞིག་ཡིན་པ་ཁ་མཚམས་གཅོད་ནས་བཤད་ཆོག །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།