ཆོས་རྒྱུད་ཆེན་མོ་ཞིག་འཕེལ་རྒྱས་དང་བརྟན་བརླིང་ཞེས་པའི་བགྲོ་གླེང༌།

ཉེར་ཆར་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་དང་སྟབས་སྟུན་མ་འོངས་པའི་ས་སྐྱའི་ཆོས་བརྒྱུད་ཀྱི་འཕེལ་རྒྱས་དང་བརྟན་བརླིང་ཞེས་པའི་བརྗོད་གཞི་ཐོག་ཚོགས་ཆེན་ཞིག་ཚོགས་ཡོད་འདུག དེ་ཡང་གནས་མཆོག་ལུམྦིནཱིའི་སངས་རྒྱས་ཀྱི་མ་ཡུམ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཕྱི་ལོ་༢༠༡༡། ལོའི་ཟླ་ ༡༢། ཚེས་པ་༧། ༨། ཉིན་གཉིས་ཀྱི་རིང་ལ་གཙོ་བོ་གདན་ས་ཁག་བཞིའི་འགན་འཛིན་དྲུང་ཆེ་རྣམས་དང༌། བཤད་གྲྭ་ཆེ་ཁག་གི་མཁན་པོ་རྣམ་པ་བཅས་དབུ་བཞུགས་ཐོག་གཞིས་བྱེས་གཉིས་ཀྱི་ས་དགོན་དྲུག་ཅུ་ལྷག་གི་སྐུ་ཚབ་བརྒྱད་ཅུ་བརྒལ་བ་མཉམ་འཛོམས་བྱུང་ཡོད་པ་རེད།

 

སྐབས་དེར་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཚོགས་ཆེན་འདི་འདྲའི་ཞིག་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་དོན། ཐོག་མར་ཆེས་གལ་ཆེ་བ་ནི། ཤེས་ཡོན་སློབ་སྦྱོང་ལ་དོ་སྣང་དང༌། དེ་ཡང་དུས་རབས་ཀྱི་ཁ་ཕྱོགས་དང་མཐུན་པར་དགོས་པ་དང༌། ཕྱི་ཡི་འཛུགས་སྐྲུན་ལས་ཀྱང༌། ནང་གི་འཛུགས་སྐྲུན་དེ་གལ་ཆེ་བ་ཡིན་པའི་སྐོར་དང༌། འཛུགས་སྐྲུན་དེ་གཉིས་པོ་ཚད་ལྡན་ཡག་པོ་ཡོང་བར་འགལ་རྐྱེན་གཉིས་པོ་ལས་བརྒལ་ཐུབ་པ་ཞིག་དགོས་ཞེས་དང༌། ཡང་ཁོང་གིས་བརྗོད་དོན་ང་ཚོའི་ཁོར་ཡུག་འདིར་སློབ་གསོའི་ནུས་པ་ཧ་ཅང་ཉམས་དམས་སུ་འགྲོ་བཞིན་པ་ལྟ་བུའི་ཚོར་སྣང་ཞིག་ཡོད་པས་ཅིས་ཀྱང་ང་ཚོའི་མི་རབས་འདིའི་དམིགས་ཡུལ་དང༌། ཁ་ཕྱོགས་མེད་པའི་མི་རབས་ཤིག་ཏུ་མི་འགྱུར་བའི་ཆེད་དུ། ལེ་ལོ་དང་སྒྱིན་ལུགས་མེད་པ་གནང་རོགས་གནང་གསུངས་བྱུང༌།

བགྲོ་གླེང་གཙོ་སྐྱོང་བ་མཁན་པོ་ནོར་བུ་ཚེ་རིང་ལགས་ཀྱིས་གསུང་དོན། ཚོགས་འདུའི་སྐབས་གསུང་བཤད་གནང་མཁན་ཚོའི་སྐད་ཆ་སྐབས་ཀྱི་བརྗོད་གཞིའི་སྟེང་འབབ་པ་དང༌། འདས་པའི་ལོ་རྒྱུས་མི་གླེང་བར་མ་འོངས་པའི་འཕེལ་རྒྱས་དང་བརྟན་བརླིང་སྐོར་གླེང་རྒྱུ་དེ་རྩ་འཛིན་བྱེད་རྒྱུ་དང༌། ཤེས་ཡོན་ཡར་རྒྱས་ནི་འཛུགས་སྐྲུན་གྱི་གཞི་རྩ་ཡིན་པའི་སྐོར་དང༌། དེ་ཡང་མི་རབས་གསར་བ་རྣམས་ལ་སློབ་ཚན་གང་ཞིག་གཏན་འབེབས་བྱེད་དགོས་པ་དང༌། ཤེས་ཡོན་ཡོད་པ་གཅིག་པུས་ཀྱང་མི་འགྲིག་པར་ཀུན་སྤྱོད་སློབ་གསོ་ཡང་གལ་ཆེན་པོ་ཡིན་པའི་སྐོར་དང༌། ཡང་ཁོང་གིས་གསུངས་དོན། ཤེས་ཡོན་ཡར་རྒྱས་ཡོང་བར་སྤྱི་སྒེར་གྱི་ཚོགས་པ་སུ་ཞིག་ཡིན་རུང་ཐུན་མོང་གི་རྩ་འཛིད་བྱེད་སའི་སྒྲིག་གཞི་གཏན་འབེབས་བྱ་དགོས་པའི་སྐོར་དང༌། དེ་ཡང་རང་ཉིད་ཀྱི་རྣམ་དཔྱོད་རྩལ་དུ་བཏོན་ནས་འཛེམ་མེད་ངང་བགྲོ་གླེང་ལྷུག་པོ་གནང་རོགས་ཤེས་གསུང་སོང༌།

དེ་རིང་ཚོགས་ཆེན་ཐོག་ཚོགས་མི་ཚང་མས་བསམ་ཚུལ་བརྗེ་ལེན་དང་ཕན་ཚུན་བགྲོ་གླེང་སོགས་ཧ་ཅང་ལེགས་པོ་བྱུང་འདུག ཐེངས་འདིའི་ཚོགས་འདུལ་གོ་སྒྲིག་གནང་མཁན་ས་སྐྱའི་སྤྱི་འཐུས་རྣམ་གཉིས་ཡིན་འདུག གནས་ཚུལ་མཁོ་འདོན་པ་རྒན་ཨ་འདུས་སྐལ་བཟང་རྒྱལ་མཚན་གྱིས་ངོ་དེབ་ལས་བཤུས། གནས་ཚུལ་ཡོངས་ཁུངས་འབུམ་མཚོ་དྲྭ་ཚིགས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།