ཤིས་ཚིག་དད་པའི་མེ་ཏོག་ཁྱོད་ལ་ཕུལ།

སྤྱི་ཟུར་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ།
ཐུགས་བསྐྱེད་གསེར་གྱིས་བསྐྲུན་པའི་ལྷུན་པོ་ལ། །སྤྲོས་བྲལ་ཉི་ཟླ་ཟླུམ་པོའི་འོད་ཀོར་གསལ། །
ཁ་བའི་འཇིག་རྟེན་བརྩེགས་པའི་གྲུ་ག་ན། །ཐུབ་པའི་རྒྱལ་སྲིད་སྐྱོང་མཁས་ས་སྐྱ་བ། །
སྐར་ཚོགས་ཕྲེང་བ་གནམ་ལ་བསྒྲིགས་པ་དང་། །གསེར་རིའི་ཕྲེང་བ་ས་ལ་བསྟར་བ་ལྟར། །
རིམ་བྱོན་འཁོན་གྱི་ཐུབ་པའི་རིང་ལུགས་པ། །ད་ལྟའི་ཆར་ཡང་ཉི་ཟླའི་སྒྲོན་མེ་བཞིན། །
གྲུ་འཛིན་ཕོ་བྲང་སྐར་ལྔའི་དར་གྱིས་བསྒྲིབས། །གངས་སེང་འདམ་དུ་བྱིངས་པའི་སྐྱོ་གར་ཁྲོད། །
ཕྱག་ན་པདྨོའི་ཕྱག་དང་མཉམ་སྦྲེལ་གྱིས། །མེས་པོའི་རྣམ་ཤེས་བསུ་བའི་གོང་མ་མཆོག །
མཁྱེན་རབ་དཔའ་བེའུ་བཀྲ་བའི་སྤྱན་རས་ཀྱིས། །གནས་གསུམ་ཤེས་བྱ་འཇལ་བའི་བློ་གྲོས་ཟབ། །
བྱམས་བརྩེའི་འོ་ཐིགས་འབབ་པའི་འཛུམ་ཞགས་ཀྱིས། །རྒྱུད་ལྔའི་འགྲོ་ཀུན་བཅིངས་པའི་རྣམ་ཐར་རིང། །
གང་ཁྱོད་འོད་གསལ་ལྷ་ཡི་ཞིང་ཁམས་ནས། །གནམ་གྱི་ཐེམ་པ་ཁད་ཀྱིས་བརྒལ་མཛད་དེ། །
མི་ཡུལ་བྱོན་པའི་ལོ་ཟླ་ཕྲེང་བའི་སྣེར། །དེ་རིང་འཁྲུངས་པའི་སྐར་ཆེན་དགུང་ནས་ཚེས། །
ཤར་ནུབ་འཛམ་གླིང་ཟླུམ་པོའི་མི་ཡུལ་འདིའི། །དད་ལྡན་ས་ཡ་ཁྲག་ཁྲིག་འབུམ་ཕྲག་གིས། །
གུས་པའི་ཐལ་སྦྱར་མེ་ཏོག་ཁྱོད་ལ་འཐོར། །བཀྲ་ཤིས་སྨོན་ཚིག་གླུ་དབྱངས་ཁྱོད་ལ་ཕུལ། །
ཕྱི་ལོ་༢༠༡༡།༡༠།༡། ལ་བྲིས། ས་སྐྱ་བདག་ཁྲི་རིན་པོ་ཆེ་དགུང་གྲངས་ ༦༨ ལ་ཕེབས་པའི་འཁྲུངས་སྐར་ལ་ཕུལ་བ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།