སྐུ་ངོ་འཇུ་ཆེན་ལ་རྗེས་དྲན་ཞུ་འདུག

དབྱར་དུས་སྤང་ཁ་སད་དགུན་དུས་ཀྱི་གྲང་ངར་ བསུ་ལ་ཉེ་བའི་དུས་སྐབས་འདིར་ཆེས་ཉན་མི་འདོད་པའི་གསར་འགྱུར་སྟེ་སྐུ་ངོ་འཇུ་ ཆེན་ཚང་ལྔ་ལམ་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས། ཁག་ཅིག་གིས་དགུང་གྲངས་བརྒྱད་ཅུར་རྒལ་བའི་བགྲེས་སོང་ཞིག་གཤེགས་པ་ལ་ཡིད་སྐྱོ་ དགོས་པའི་གནས་ཚུལ་མིན་ཞེས་རྫིག་གཏམ་བཤད་མཁན་ཡང་འདུག་མོད། འོན་ཀྱང་། སྐྱེ་འཆི་འདུ་བྲལ་དེ་འཁོར་བའི་ཆོས་ཉིད་ཡིན་ནའང་བདག་ནི་སྐུ་གཤེགས་ཁོང་དང་ དགའ་གཉེན་གྱི་གྲོགས་འདྲིས་ཀྱི་འབྲེལ་བ་གང་ཡང་མེད་ཀྱང་ཚད་མེད་པའི་བློ་ཕམ་ བྱུང་། དེ་ནི་བོད་མི་རིགས་ཀྱི་བདེ་སྡུག་ལ་ཚོར་ སྣང་ཟབ་པའི་རྐྱེན་ཡིན་ཟེར་ན་མི་ འགྲིག་པ་མེད། ཁོང་ལ་མཚོན་ན་དཔུང་ཤུགས་དང་མིང་བྱང་རྫིག་པོས་ཕུལ་དད་བྱས་ནས་གྲལ་མགོར་སླེབས་ པ་མ་ཡིན་པར་གཞིས་ཆགས་སྤྱི་མིའི་གོ་གནས་ནས་རིམ་པས་ཕེབས་ཡོང་བའི་མི་སྣ་ཞིག་ རེད། ཁོང་གིས་གཞུང་ཞབས་བྱས་ནས་ལོ་འདི་དག་གི་རིང་ལ་ལྐོག་ཟ་རུལ་སྲུངས་ཀྱི་དྲི་ངན་ མཐོར་མ་མྱོང་ལ། ལས་ཁུངས་ག་གེེ་མོའི་ལས་ཤོག་དང་ལས་ཐམ་སྤྱད་ནས་བུ་རྒྱུད་ནུབ་ཕྱོགས་ཀྱི་ཡུལ་ དུ་སྐྱལ་མ་མྱོང་། འོན་ཀྱང་འདི་དག་ནི་ཁོང་ལ་མཚོན་ན་བྱས་རྗེས་ཤིག་ཏུ་བརྩིས་ཆོག་ཀྱང་ཆེས་འབུར་ དུ་ཐོན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་མིན། བོད་པའི་སྤྱི་ཚོགས་ནང་ཁོང་གིས་ཆེས་རྙོག་འཛིང་ཆེ་བའི་ལས་ཀ་མང་པོ་ཞིག་འཇུག་ སྒྲིལ་ཡོད། དཔེར་ན། མདོ་ཁམས་ཀྱི་དཔའ་བོ་ཁྲི་ཁྲག་མང་པོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་ གཏོང་གནང་ནས་རྒྱལ་བ་དོན་གྱི་བདག་པོ་གནས་ཡུལ་རྒྱ་གར་ལུང་པར་གདན་ཞུ་མཚོན་པའི་ རླབས་ཆེན་གྱི་ཕྱག་རྗེས་ལ་འགྲན་མི་གཟོད་པའི་མི་སྣ་ཁག་ཅིག་གིས་བླ་སློབ་དམ་ ཚིག་སྲེས་ལྷད་གཏོང་སྟེ། ཕུ་དཀྲུགས་མདའ་དཀྲུགས་ཀྱིི་ལས་འགུལ་ལག་བསྟར་གནང་ནས་གཞིས་བྱེས་མདོ་ཁམས་པའི་ གནད་ཡོད་མི་སྣ་རྣམ་པ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་དང་ཐག་ཇེ་རིང་དུ་འགྲོ་ལ་ ཉེ་བའི་སྐབས་དེར་དམ་པ་དེ་ཉིད་ཀྱིས་མདོ་ཁམས་པའི་འདས་སོན་ཡོངས་ཀྱི་མགོ་ལུས་ བྲལ་ཐབས་མེད་པའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་ཉག་ཅིག་པུ་༸གོང་ས་སྐྱབས་ མགོན་ཡིད་བཞིན་ནོར་བུ་ཡིན་པས་རླབས་ཆེན་གྱི་དགོངས་བཞེད་ཟབ་མོ་སྙིང་ལ་བཅང་ནས་ དངོས་ཡོད་ཀྱི་གནས་ཚུལ་ཇི་ཡིན་སྙན་གསན་རིམ་ཞུ་བྱས་ནས་མཐར་ལྷ་དགོངས་ཡོངས་སུ་ དྭང་སྟེ། བླ་སློབ་དམ་ཚིག་དབྱེར་མེད་དུ་འདྲེས་ནས་ལྷ་གཅིག་ཕྱག་ན་པདྨོའི་ཞལ་དངོས་སུ་ མཇལ་ནས་དམ་ཚིག་ཉམས་པ་སླར་གསོས་ནས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གིས་ཐུགས་ དགྱེས་ཟབ་མོའི་བཀའ་བཟང་སྤྱི་བོ་རྒྱན་དུ་སྩལ་ཐོབ་བྱུང་ཡོད། མཛད་རྗེས་འདི་གཅིག་པུ་ལ་བསམ་ན་ཁོང་རྗེས་དྲན་ཞུ་དགོས་ངེས་སུ་མཐོང་། སྐབས་དེར་ཁོང་གིས་དེ་ལྟར་གནང་མེད་ན་དགྲ་དགའ་གཉེན་སྡུག་གི་ལས་འབའ་ཞིག་ཏུ་ གྱུར་ནས། བོད་ཆོལ་ཁ་གསུམ་པོ་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཀྱི་དབང་འོག་ཏུ་ འདུས་ཡོད་མིན་ཡང་ཞིག་ཏུ་བསམ་ཆོག གནད་དོན་འདི་ནི་དཔེ་མཚོན་གཅིག་ཡིན། ད་དུང་དྲུང་ཡིག་ལྷ་མོ་ཚེ་རིང་དང་བདུད་འཇོམས་རིན་པོ་ཆེ་གཞིས་གྲོང་བཞི་པ་ སོགས་ཀྱི་གནས་སྟངས་ལ་ཕྱིར་དྲན་ཞིག་བྱས་ན། ཁོང་གནས་འདི་ནས་གྱེས་པ་དེ་སྤུ་རྒྱལ་བོད་པ་ཚང་གི་གནའ་སྲོལ་སྲུང་བའི་མེས་པོ་ ཞིག་མེད་པ་གྱུར་བ་དང་ལོ་རྒྱུས་ཀྱི་རྡོ་རིང་ཞིག་འགྱེལ་སོང་། ཁོང་གི་སྐུ་ཚེ་འདི་བའི་ནང་བོད་མི་རིགས་ལ་ཁ་མིག་ཡར་ལྟར་གནང་སའི་ཆིག་སྒྲིལ་ གྱི་ཐོག་ནས་རླབས་ཆེན་གྱི་མཛད་རྗེས་ཆེན་པོ་འཇོག་ཡོད། དབུ་མའི་ལམ་གྱི་སྲིད་ཇུས་དེ་སྐབས་རེ་རྒྱལ་བའི་དགོངས་པ་ཡིན་རབས་དང་སྐབས་རེ་ ཟམ་གདོང་བླ་མའི་སྲིད་ཇུས་ཡིན་རབས་སོགས་ཀྱི་འགྲེལ་བཤད་འདྲ་མིན་གྱིས་མི་མང་ འདྲོགས་བཞིན་པའི་སྐབས་དེར། ཁོང་གིས་དབུ་མའི་ལམ་གྱི་འགྲེལ་བཤད་ལ་དྭོག་སློང་གནང་མེད་ན་ཟམ་གདོང་བླ་མའི་ དབུ་མའི་ལམ་གྱི་སྲིད་ཇུས་དེ་རྒྱལ་བའི་དགོངས་པ་ཡིན་པའི་འགྲེལ་བཤད་དེ་དག་ས་ འོག་གི་གཏེར་བཞིན་དུ་འགྱུར་རྒྱུ་ཉག་ཅིག་ཡིན་པ་མ་ཟད་ཆབ་སྲིད་པ་ཚོས་རང་འདོད་ ལྟར་འཐེན་ཆོག་ཆོག་ལྷག་ཡོད། མདོར་ན་དམ་པ་གང་གི་འབུར་དུ་ཐོན་པའི་མཛད་རྗེས་ཀྱི་ཆ་ཤས་ཙམ་མ་གཏོགས་ཡིག་ཚོགས་ ལ་འཇིགས་ནས་འགོད་ནུས་བྲལ། མཐའ་དོན་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་པོ་རྫོགས་པའི་རྣམ་ དཀའི་དགེ་ཚོགས་ལ་བརྟེན་ནས་བར་དོའི་འཇིགས་སྐྲག་ལས་གྲོལ་ནས་སླར་ཡང་ཀུན་མཁྱེན་ ཕྱག་ན་པདྨོའི་གདུལ་ཞིང་དུ་དལ་རྟེན་གྱི་ལུས་བཟང་པོ་ཞིག་འཐོབ་ཐུབ་པའི་སྨོན་འདུན་ཞུ། སྨར་དྷི་ཟེར་གྱིས། ཡོངས་ཁུངས་བང་ཆེན་དྲྭ་ཚིགས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།