གླུ་མ་སྐལ་བཟང་མེ་ཏོག་གི་འཁྲབ་སྟོན་གྱི་སྒྱུ་རྩལ་གླེང་བ།

gendun

ཡིད་ཁམས་རྒྱ་མཚོ་དྲག་ཏུ་སྐྱོམ་པའི་སྙན་དབྱངས།
གླུ་མ་སྐལ་བཟང་མེ་ཏོག་གི་འཁྲབ་སྟོན་གྱི་སྒྱུ་རྩལ་གླེང་བ།
རྩོམ་པ་པོ།  ཚ་བ་སྒང་བློ་གྲོས་དཔལ་ལྡན་ནམ་ཚ་བ་མདའ་སྨྱུག
མཁས་པས་ཉམས་དང་འགྱུར་ལ་ལྟ་བར་བྱེད། །
བླུན་པོས་སྐད་དང་གཟུགས་ལ་ལྟ་བར་བྱེད། །
དབུལ་པོས་གོས་དང་རྒྱན་ལ་ལྟ་བར་བྱེད། །
བྱིས་པས་རོགས་དང་གློག་ལ་ལྟ་བར་བྱེད།

དེང་སང་ག་ས་ག་རུ་གླུ་གར་འཁྲབ་སྟོན་རུ་ཁག་འདྲ་རྩ་འཛུགས་བྱས་ཏེ་དེ་ཉིད་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ཡིན་ཟེར་ཀྱིན་འདུག་མོད། འཛམ་གླིང་ཤར་ནུབ་ཡོངས་སུ་སྐད་གྲགས་ཆོད་པའི་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞེས་བྱ་བ་དེ།          བོད་རིགས་ནག་མོ་ཚོས་ཨ་ལ་ཡོ་ཟེར་བཞིན་ཨོང་དོ་ཕར་གཡུག་ཚུར་གཡུག་བྱེད་བཞིན་པ་དང༌། སྐྱེས་པ་ཚོས་ཕུ་དུང་ས་འདྲུད་གནམ་འདྲུད་བྱེད་བཞིན་པ་འདི་ཀ་ལ་ཟེར་བ་ཡིན་ན་བོད་པའི་རིག་གཞུང་ཨམ་དེས་སུ་ལ་ཅི་ཞིག་མཁོ་བ་ཡིན་ནམ། སྐད་ཆ་འདི་ནི་སྐྱེས་ཡུལ་མདོ་སྟོད་ཚ་རོང་ནས་ཡིན་པའི་དགེ་བཤེས་མར་ལོག་ཅིག་གིས་བཤད་པ་རེད། གུས་པས་ཀྱང་སྔོན་ཆད་ཁོ་པའི་སྐད་ཆ་དེ་མཐའ་གཅིག་ཏུ་བདེན་པར་རློམ་ནས་འཁྲབ་སྟོན་གྱི་རིགས་ལ་ལྟ་ཚུལ་ཡག་པོ་ཞིག་རྩ་བ་ནས་འཛིན་མྱོང་མེད། ད་ལྟ་གཞི་ནས་ཞིབ་འདང་རེ་བརྒྱབ་ན་ལྟ་ཚུལ་དེ་ནི་མ་འགྲིག་པ་ཞིག་ཏུ་སྣང་སྟེ། བདེན་དགེ་མཛེས་གསུམ་གྱི་ཡ་གྱལ་མཛེས་སྡུག་གི་རྣམ་གྲངས་གང་ཡང་འཇིག་རྟེན་འདིར་མེད་པའི་དབང་དུ་བཏང་ན་འཚོ་བའི་བྲོ་བ་ཡོད་ཚད་ཡལ་ཟིན་པ་ཡིན་པས་ད་གཟོད་ཁ་དོག་མེད་པའི་མི་ཡུལ་འདིར་དོན་སྙིང་ཅི་ཞིག་ཡོད་དམ། མཛེས་པ་ཀུན་གྱི་ནང་ནས་ཕུལ་དུ་བྱུང་བའི་མཛེས་པ་ནི་སྒྱུ་རྩལ་ཕུན་ཚོགས་ཀྱི་མཛེས་པ་འདི་ཡིན་ལ། རྣམ་མང་སྒྱུ་རྩལ་གྱི་ཁྲོད་ནས་སྙན་ངག་གི་བརྩམས་ཆོས་ལྟ་བུ་ཡིག་ངོས་སྒྱུ་རྩལ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་དོན་དུ་སྒྱུ་རྩལ་ཤི་རོ་ཡིན་ཞིང༌། རི་མོའི་སྒྱུ་རྩལ་ལྟ་བུ་ལག་ཤེས་སྒྱུ་རྩལ་ནི་སྒྱུ་རྩལ་གྱི་འདྲ་གཟུགས་ཙམ་དུ་ཟད། རོལ་མོའི་སྒྱུ་རྩལ་ལྟ་བུ་གཡར་མའི་སྒྱུ་རྩལ་ནི་སྒྱུ་རྩལ་གྱི་ཕྱི་ཤུན་ཁོ་ན་ལས་མ་འདས། གླུ་གཞས་དང་ཟློས་གར་ལྟ་བུ་འཁྲབ་སྟོན་གྱི་སྒྱུ་རྩལ་གཅིག་པུ་གཟི་བྱིན་རབ་ཏུ་འབར་བའི་སྒྱུ་རྩལ་གྱི་དྭངས་མ་དང༌། བླ་ཚེ་སྲོག་གསུམ་གྱིས་མ་སྟོངས་པའི་སྙན་ངག་གསོན་པོ་རུ་གྲུབ་ཡོད་སྟབས། མི་རིགས་ཤིག་གི་འཁྲབ་སྟོན་གྱི་སྒྱུ་རྩལ་དེ་མི་རིགས་གང་དེའི་རིག་གནས་ཀྱི་བླ་སྲོག་མིན་དུ་ཆུག་ཀྱང་དོན་ལྔ་སྣོད་དྲུག་གི་གྲས་སུ་ཅིས་ཀྱང་ཡོད་ངེས། དམིགས་ཡུལ་གཞན་དུ་བསྐོར་ཏེ་བཤད་ན་མི་རིགས་ཀྱི་ངོ་བོ་སྲུང་ཉར་དང༌། སྐད་ཡིག་དང་རིག་གཞུང་མྱུར་སྐྱོབ་ཀྱི་ཐད་ལ་ཡང་སྒྱུ་རྩལ་འཁྲབ་སྟོན་གྱི་རིགས་འདིས་ནུས་པ་ཨང་དང་པོ་འདོན་བཞིན་ཡོད་པ་མྱོང་གྲུབ་ཡིན་ཏེ། དུས་རབས་ཕྱེད་ཀའི་ཡར་སྔོན་ནས་བོད་རིགས་མི་དམངས་རྣམས་འཛམ་གླིང་ཡོངས་སུ་ཁ་འཐོར་ཞིང༌། བོད་ནང་ཁུལ་དུའང་དུམ་བུ་མང་པོ་ཡར་བཅད་མར་བཅད་བྱས་ཏེ་བཞག་ཡོད་པས་ཕན་ཚུན་འབྲེལ་གཏུག་དང་མཉམ་ལས་བྱེད་པའི་གོ་སྐབས་ཧ་ལམ་མེད་པ་ལྟ་བུའི་དུས་འདིར་ཡང་འཁྲབ་སྟོན་སྣ་ཚོགས་བརྒྱུད་ནས་རྒྱུས་ལོན་ཕྲན་བུ་རེ་ཡོང་ཐུབ་ཀྱིན་ཡོད་ལ། གཞིས་བྱེས་གཉིས་སུ་གནས་བཞིན་པའི་བོད་རིགས་གཞོན་སྐྱེས་རྣམས་སྐབས་རེས་འགའ་ཙམ་ལ་ལྷན་འཛོམས་ཀྱི་གོ་སྐབས་འདྲ་རག་དུས་ཀྱང་གཞིས་བྱེས་སོ་སོར་གླུ་གཞས་གཏོང་མཁན་སུ་དང་སུ་ཞིག་ཡོད་པ་དང༌། རང་ཉིད་ཆེས་དགའ་ཤོས་ཀྱི་གླུ་གཞས་གང་ཡིན་པ་སོགས་ནི་སྐད་ཆ་ཀུན་གྱི་གླེང་གཞི་ཡིན་འདུག་པས་སོ། །

 

གླུ་དབྱངས་གླེང་བ།

བརྒྱ་ཚོགས་སྟོང་འདུས་དབུས་ཀྱི་མི་མོ།

 

ང་ཚོ་བོད་ནང་ཁུལ་ལ་མཚོན་ན་གཞུང་སྒེར་ཆོས་གསུམ་གང་རུང་གིས་བཀོད་སྒྲིག་བྱས་པའི་འཁྲབ་སྟེགས་ཆེ་མ་ཆུང་གསུམ་གྱི་ཐོག་ཏུ་འཛེགས་ནས་ས་ལྡིང་གནམ་ལྡིང་བྱེད་བཞིན་པའི་གླུ་པ་གླུ་མའམ་གཞས་པ་གཞས་མའི་ཁ་གྲངས་ནི་མང་ཐག་ཆོད་ནས་བརྩི་ཡང་མི་ཐོན་པར་འདུག །འོན་ཀྱང་སྡེ་ཚོ་ལུང་ཤོག་ཉི་ཚེ་བ་ལས་བརྒལ་ཏེ་གཞིས་བྱེས་བོད་མི་ཡོངས་ཀྱིས་དགའ་བསུ་ཐོབ་པར་མ་ཟད་རྒྱལ་ཁབ་གཞན་དག་དང་མི་རིགས་གཞན་པ། ཐ་ན་འཛམ་གླིང་གི་གཟིགས་མོ་བ་ཚོའི་ཁྲོད་དུའང་གྲགས་འགུལ་མི་ཆུང་བ་བཟོ་མྱོང་མཁན་གྱི་འཁྲབ་སྟོན་པ་ནི་ཁམས་སྡེ་དགེ་ནས་ཡིན་པའི་གླུ་པ་ཡར་དུང་ངམ་གཡའ་དྭངས་ལགས་དང༌། བདེ་ཆེན་ཁམས་པའི་སྲས་མོ་དབྱངས་ཅན་ལྷ་མོ་ལགས་རྣམ་གཉིས་མ་གཏོགས་གཞན་པ་སུ་ཡང་ད་སྔོན་ཐོན་མྱོང་མེད། སྐུ་ཞབས་གཡའ་དྭངས་ལགས་ཀྱི་འཁྲབ་སྟོན་ལ་དེང་རབས་ཀྱི་རྒྱུ་རྩལ་གྱིས་ཕྱུག་ཅིང་སྲས་མོ་དབྱངས་ཅན་མའི་གླུ་དབྱངས་ནི་སྲོལ་རྒྱུན་གྱི་བྲོ་བས་གཏམས་པ་ཤས་ཆེ་བ་ཞིག་ཏུ་སྣང༌། དེང་སང་གར་སྟེགས་སྟེང་ནས་འཁྲུག་པོ་སློང་བཞིན་པའི་གསར་བུ་གསར་མོ་ཁྱུ་ཞིག་འདུག་པའི་ཁྲོད་ནས་གཞོན་སྐྱེས་ཕལ་མོ་ཆེས་ཁ་ནས་ཡིག་དྲུག་བཞིན་ཟློ་ཞིང༌། སེམས་ནང་དུ་བསམ་གཏན་བཞིན་སྒོམ་བཞིན་པ་ནི་དཀར་མཛེས་ཀུན་དགའ་དང་མདོ་བ་ཚེ་སྐྱིད་གཉིས་རེད་འདུག །དེ་ཡང་ད་སྔོན་རང་རེའི་གར་སྟེགས་ཐོག་ཏུ་ཀུན་དགའ་ལྟ་བུའི་སྟག་ཤར་ཕོ་སྒོ་ཅན་ཞིག་དང༌། ཚེ་སྐྱིད་ལྟ་བུའི་སྨན་ཤར་མོ་སྒོ་ཅན་ཞིག་ཐོན་མྱོང་མེད་སྟབས་གཞོན་པ་ཚོའི་སེམས་ས་ཐོག་ཏུ་ཕབ་ཐུབ་ཀྱིན་མེད་པ་འདྲ། ཐུགས་ཁག་ཁྱོན་ནས་མེད་དེ། གཅིག་དགུ་གོ་གཉིས་ལོར་སྐུ་ཞབས་རྦེས་ཁེང་ལིན་ཀྲུན་རྒྱལ་ཁབ་ཆེན་པོ་ཨ་མེ་རི་ཀའི་ཐེངས་ཞེ་གཉིས་པའི་སྲིད་འཛིན་དུ་བདམས་པ་དང༌། ཉིས་སྟོང་ལྔ་ལོར་ཁོང་འཛམ་གླིང་མི་དམངས་ཀྱིས་འཛམ་གླིང་ཡོངས་ཀྱི་དབུ་ཁྲིད་ཨང་གཉིས་པ་རུ་བདམས་པ་བཅས་ལའང་ཁོང་གི་གཟུགས་བྱད་ཀྱིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པའི་ཤོད་ཚུལ་ཡོད་པ་དང༌། ན་ནིང་ཉིས་སྟོང་དྲུག་ལོར་ཤར་ལྷོ་ཨེ་ཤེ་ཡའི་ཡུལ་གྲུ་ཐེ་ལན་ཊ་རུ་ས་གོ་ལའི་རྒྱལ་སྲས་ལྷན་ཚོགས་ཀྱི་སྐབས་སུ། འབྲུག་རྒྱལ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ཕུལ་བྱུང་རྒྱལ་སྲས་གཅིག་པུ་རུ་བདམས་ཐོན་བྱུང་སོང་བ་ཡང་ཡིད་དབང་འཕྲོག་པའི་ཁོང་གི་སྐྱེས་གཟུགས་ལ་བརྟེན་ནས་ཡིན་འདུག་ན། ང་ཚོས་མིག་དབང་གསོ་བའི་སྒྱུ་རྩལ་འཁྲབ་སྟོན་པ་ཚོར་སྐྱེས་ལུས་གཟུགས་གསུམ་གྱི་ཆ་ནས་གདེང་འཇོག་ཙམ་བྱེད་པ་ནི་མི་འོས་པ་དང་མི་འཚམ་པ་ཅི་ཡང་མིན། དེ་ལྟ་ནའང་འཁྲབ་སྟོན་ནི་འཁྲབ་སྟོན་རང་ཡིན་གྱི་འགྲེམས་སྟོན་དང་བཤམས་སྟོན་གང་ཡང་མ་ཡིན་ལ། སྒྱུ་རྩལ་གྱི་མཛེས་པ་ཟེར་བ་དེའང་རང་བྱུང་ཐོན་དངོས་ཤིག་གི་ཕྱི་དབྱིབས་ལེགས་པ་ཙམ་ལ་མི་ཟེར་བར་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་ཀློང་ནས་བརྡོལ་བའི་ཉམས་འགྱུར་རམ་བློས་བསླང་གི་བཀོད་པ་ཁྱད་པར་བ་ཞིག་ལ་གོ་བ་ཡིན་འདུག་པས། རྣམ་པ་ཡག་བཙོག་ཁོ་ན་སྒྱུ་རྩལ་པའི་ཚད་གཞི་འཇལ་བྱེད་ཨང་དང་པོ་རུ་རློམ་ན་དེ་ནི་འཁྲུལ་པ་མིན་དུ་ཆུག་ཀྱང་ནོར་བ་ཡིན་པར་ཐེ་ཚོམ་མེད། གཟུགས་མཛེས་པ་དང༌། སྐད་སྙན་པ། སེམས་བཟང་བ་ཙམ་གྱིས་སྒྱུ་རྩལ་པ་རུ་མི་འགྲོ་བར་ནང་སེམས་ཁོང་གི་འགྱུར་བའི་དྭངས་མ་རྣམས་ཕྱི་ལུས་ངག་གི་ཉམས་ཀྱི་ཐོག་ཏུ་གསོན་པོར་བཞེངས་སྐྲུན་བྱེད་ཐུབ་པའི་ཐབས་རྩལ་ཞིག་ལ་འཁྲབ་སྟོན་གྱི་སྒྱུ་རྩལ་དུ་འབོད་པ་ཤེས་དགོས། དེ་ལྟར་ན་གླུ་པ་ཀུན་དགའ་དང་གླུ་མ་ཚེ་སྐྱིད་གཉིས་རྣམ་པ་མཛེས་ཤིང་སྐད་ངག་སྙན་པ་བདེན་ཡང་ཕུལ་བྱུང་གི་གླུ་པ་གླུ་མར་གདམ་པའི་ཆ་རྐྱེན་ད་དུང་འཚོལ་དགོས་སྙམ། ཁོ་བོར་གླུ་གར་གྱི་རིགས་ལ་དོ་སྣང་སླེབ་ནས་ལོ་གཅིག་ལྷག་སོང་རིང་མདོ་དབུས་ཁམས་གསུམ་གྱི་གླུ་གཞས་མི་ཉུང་བ་ཞིག་མྱོང་རོལ་བྱས་པའི་ཁྲོད་ནས་སྐལ་བཟང་མེ་ཏོག་ཟེར་བའི་བུ་མོ་དེ་དང༌། ཁོ་མོའི་འཁྲབ་སྟོན་ཁག་གིས་ནམ་ཡང་གསུབ་ཏུ་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་བྱུང༌། དེའང་སྔར་ལོའི་དབྱར་ཁར་ཁ་བྱང་དུ་གནས་ཡུལ་གྱི་བུ་མོ་ཞེས་བྲིས་པའི་བརྙན་འཁོར་དེ་ཁྲོམ་རར་ཐོན་པ་ནས་བཟུང་ཁོ་མོ་གསར་དུ་ངོ་ཤེས་ཤིང༌། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་བརྙན་འཁོར་དེ་ལ་ཕལ་ཆེར་ཉིན་རེར་ཚར་རེར་བལྟས་པ་ཡིན་མོད། ད་དུང་སུན་སྣང་མེད་པའི་ཐོག་ཏུ་བལྟ་རྒྱུ་ཞིག་དང་མྱང་རྒྱུ་ཞིག་རྙེད་བཞིན་འདུག་པས། བལྟ་བས་ཆོག་མི་ཤེས་པའི་གཟུགས་དང༌། མཉན་པས་ངོམས་པ་མེད་པའི་དབྱངས། ནམ་ཡང་བཀླགས་མི་ཚར་བའི་སྙན་ངག་སོགས་ཀྱང་དཀོན་པ་ཙམ་ལས་གཏན་ནས་མེད་པ་མིན་པའི་ངེས་ཤེས་གསལ་པོར་རྙེད། ན་གཞོན་སྙན་ངག་པ་སྐྱབས་ཆེན་ལགས་ཀྱིས། བོད་ཀྱི་རོལ་མོའི་བླ་སྲོག་ག་བར་ཡོད་དམ། ཞེས་དྲི་བ་འགངས་ཆེན་ཞིག་གཏོན་འདུག་པ་དེ་ལ། བོད་ཀྱི་རོལ་མོའི་བླ་སྲོག་འདི་གར་ཡོད། ཅེས་དྲིས་ལན་འགངས་ཆེན་ཞིག་བཏབ་འདུག་པའི་སྣང་བ་ཡང་སྟེར། སྤྱིར་སྒྱུ་རྩལ་ཕུན་ཚོགས་ཀྱི་རོ་བྲོ་མཐར་ཐུག་དེ་སྒྱུ་རྩལ་རིག་པ་ལ་སྦྱངས་འདྲེས་མེད་པའི་མི་དག་ལ་མཚོན་ན་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་ཞིག་ཡིན་ཤས་ཆེ་ཡང༌། བྱམས་སྡང་བྱིས་པའི་སེམས་དང་ཁ་མངར་ལྐུག་པའི་ལྕེ་ཡི་དཔེ་ལྟར་ཕྱོགས་འགྲོ་ཙམ་རེ་དཔོག་མི་ཐུབ་པའང་མིན་པར་སྣང་བས། འདིར་ཁོ་བོས་གླུ་མ་སྐལ་བཟང་མེ་ཏོག་གི་གླུ་དབྱངས་སྒྱུ་རྩལ་གྱི་ཁྱད་ཆོས་ཁག་ལས་རང་གི་མྱོང་ཚོར་ཙམ་ཞིག་རྣམ་པ་ལྷན་རྒྱས་ཀྱི་སྙན་ལམ་དུ་འདི་ལྟར་སྒྲོན་པར་བྱ་སྟེ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
མཁས་པས་སྒྱུ་རྩལ་ཁྱད་ཆོས་གཙོ་བོར་འཛིན། །

བླུན་པོས་ཕྱི་ཚུལ་རྣམ་འགྱུར་གཙིགས་ཆེར་འཛིན། །

ཆོས་པས་ཚངས་སྲས་དབྱངས་དང་སྡུར་ནས་དཔྱོད། །

བྱིས་པས་བཅོས་མའི་འཕྲུལ་དང་རྒྱན་གོས་གླེང་། །



བརྗོད་གཞི་གཞན་ཁག་ལ་གཟིགས།