ཁ་བའི་མེ་ཏོག་གཅིག

 རིགས་ཀྱི་མྱུར་གུ་ཙོང་ཁའི་ཡུལ་དུ་བཞད།  །
ཤེས་རིག་ལང་ཚོ་དབུས་ཀྱི་ཞིང་སར་རྒྱས།  །
བཅུ་དྲུག་དུས་ནས་ཆོས་སྲིད་ཕྲག་ཏུ་བཞེས།  །
སྲོལ་ལུགས་ངན་པའི་སྤྲིན་ནག་ཕང་ཕུང་གཏོར།  །
                      
དབང་ཕྱོགས་གདོང་སྨེ་དུག་རླང་བོད་སར་འཕྱན།  །
གངས་ཅན་འོ་མའི་ཆོས་ཀྱི་རྒྱ་མཚོ་དེར།  །
དམྱལ་ཁམས་གསོན་པོ་མི་ཡུལ་འཕོས་དང་མཚུངས། །
ས་ཡི་ཁྱོན་ཆེར་མི་རོས་ཁེངས་པར་བྱས།  །
 
མི་ཁྲག་དམར་པོ་གཙང་པོའི་ཟླ་ལ་བསྒྱུར།  །
ལྟས་ངན་ཁ་ཏའི་སྐད་ངན་སྙིང་ལ་གཟན།  །
ཟ་མ་མོ་རྣམས་ཕལ་ཆེར་ཡུག་ཟ་ལུས།  །
དྭ་ཕྲུག་སྟོང་གི་ངུ་སྒྲས་གནམ་ས་འགེངས།  །
 
དཀར་གཙང་ཁ་བའི་འདབ་མའི་ངོས་སུ་ནི།  །
མི་གཙང་དམར་པོ་ཁྲག་གིས་སུག་རྗེས་གཏོད།  །
བྱུང་རབས་འདི་དག་བསྐལ་པའི་བར་དུ་ཡང་།  །
སྲོག་དབུས་ཆད་ཀྱང་མི་བརྗེད་དམ་བཅའ་ཡིན།  །
 
སྙིང་ཁམས་ཆེ་བའི་འབྲོང་རྒོད་ཁྱུ་གཅིག་གིས།  །
དགྲ་ཡི་ཕྱོགས་ལ་རྣོ་ངར་རྭ་རྩེ་གཏད།  །
ཙི་ནའི་ཕྲུ་དམག་མི་རོའི་ཟླ་ལ་བསྒྱུར།  །
གངས་རིའི་མིག་གཅིག་དལ་བུར་འཕགས་ཡུལ་དྲངས།  །
 
དེ་ཡི་ཚེ་ན་གངས་རིའི་ནོར་བུ་ཡིས།  །
ཕ་ས་བཙན་གྱིས་འཕྲོགས་པའི་ཡིད་སྐྱོའི་གཏམ། །
གོ་ལ་ཁྱོན་འདིར་བརྡ་འཕྲིན་ཕོ་ཉའི་བརྒྱུད།  །
དངོས་བྱུང་གཏམ་རྣམས་ཡོངས་བསྒྲགས་ལན་གཅིག་བྱས།  །
 
གཅིག་དགུ་དྲུག་ཅུའི་ལོ་ན་མང་གཙོ་ཞེས།  །
འོད་སྣང་གསར་པའི་གཏམ་སྙན་དྲུག་འགྱུར་སྒྲ།  །
གདོང་དམར་པ་ཡི་རྣ་བར་ལྷུང་བའི་མོད།  །
གངས་ཅན་པ་རྣམས་དགའ་བའི་ཐལ་མོ་བརྡབས། །
 
ཁོང་གི་ཐུགས་ཡངས་རྒྱ་མཚོ་དཀྱིལ་འཁོར་ལས། །
འུ་ཅག་བོད་ཀྱི་མ་འོངས་བདེ་སྐྱིད་ཆེད།  །
གཙུག་ལག་ཐུན་མིན་སྦྱང་ཡུལ་གདེང་ཆ་དང་།  །
གཞིས་ཆགས་ལགས་སོ་ཕུགས་མདུན་སྣ་ཚོགས་བསྐྲུན།  །
 
རྣམ་དཔྱོད་ཉིན་བྱེད་འོད་སྣང་སྟོང་ལྡན་གྱིས།  །
འཛམ་གླིང་གོ་ལ་ཆེན་པོ་ཡོངས་ཁྱབ་པས།  །
མཚན་སྙན་ཕྱོགས་བཞིའི་རྣ་བར་ལྷུང་བའི་མོད།  །
གཟིངས་རྟགས་ཆེ་ཕྲ་གཙང་པོའི་རླབས་ལྟར་འཕྱུར། །
 
གོ་ལའི་ཤར་ནུབ་མཁས་དགུ་ཡོད་ཚད་ནས། །
ཁྱོད་ནི་ཞི་བདེའི་དེད་དཔོན་ཆེན་པོ་ཞེས།  །
མཚན་སྙན་མེ་ཏོག་གློག་ཕྲེང་དྲྭ་བ་ཡིས།  །
ནོར་འཛིན་ཁྱོན་ཆེན་ཕྲ་ཚོམ་མཛེས་པར་བྱས། །
 
            ༼ཁ་བའི་ཕོ་ཉ་ནས༽ཕྱི་ལོ་༢༠༡༦༽༡༠༽༡༽ཉིན་ལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།