ཨ་མ་ལགས།

༡ ཨ་མ་ལགས།  ང་ཆུང་དུས་ཀྱི་དྲན་ལམ་དུ་ཆེས་གསལ་བ་ནི།
ཁྱེད་ཀྱི་ལྷད་མེད་ཀྱི་འཛུམ་མདངས་ཁོ་ན་རེད།
རེད།   ཁྱེད་ཀྱི་འཛུམ་མདངས་ནི་ང་ལ་མཚོན་ན་ནམ་ཡང་འགྱུར་བར་མེད་པའི་རྟག་པ་ཞིག་རེད་ཅེས་བརྗོད་ན་མ་འགྲིག་པ་མེད་སྙམ།

༢ ཨ་མ་ལགས།  ཁྱེད་ཀྱིས་རང་གི་གཅེས་ཕྲུག་ཆེད་དུ་དུས་བཞིའི་འཁོར་ལོའི་ནང་དུ་ཆེས་བཟོད་དཀའ་བའི་བྲག་ཆར་དང་རླུང་འཚུབ་ཁྲོད་དཀའ་སྡུག་སྣ་མང་ལ་གདོང་ལེན་བྱས་པ་རྣམས་བདག་གི་དྲན་འཛིན་ཡུལ་དུ་རེ་རེ་ནས་འཆར་དུས་ཡིད་སྐྱོ་བའི་མིག་ཆུའི་བཞུར་རྒྱན་གྱིས་འཇིགས་སུ་རུང་བའི་ཆུ་ཀློང་ཞིག་ཏུ་བསྐྲུན།

༣ ཨ་མ་ལགས།  
ང་མ་ཡུམ་གྱི་སློབ་གྲྭར་གོམ་པ་འཁྱར་འཁྱོར་དུ་འགྲོ་བཞིན་ཀ་ཁ་ག་ང་སོགས་ཀྱི་དབྱངས་རྟ་གྱེར་བའི་དུས། དེར་ཨ་མ་ཁྱེད་ཀྱིས་དཀའ་སྡུག་བརྒྱ་ཕྲག་མང་པོ་མདུན་དུ་བསུ་ཞིང་ཡོད་ཚད་ནས་ཡོད་ཚད་བསགས་པའི་དངུལ་སྐར་གཅིག་ཡན་ཆད་ཀྱང་བདག་གི་སློབ་ཡོན་དང་སློབ་ཡོན་གྱི་མ་རྩ་ལ་བསྐྲུན།

༤ ཨ་མ་ལགས།   ཁྱེད་ཀྱི་སྔོན་དུས་དབུ་སྐྲ་བུང་བ་ལྟར་ནག་ཅིང་སྣུམ་པ་རྣམས་ད་ནི་ཚ་རུ་དཀར་གཙང་ཞིག་མགོ་བོར་བརྒྱན་པ་དང་ཅི་མཚུངས་ལས་མ་འདས་ལ།   ཁྱེད་ཀྱི་སྐུ་གཟུགས་མདའ་ལྟར་དྲང་ཤིང༌།   ཞལ་རས་ལྷ་ལས་མཛེས་པས་ཕོ་བརྒྱ་ཡིས་སེམས་པ་ཤོར་བ་དང༌།    མོ་བརྒྱ་ཡིས་སྙིང་རླུང་སྡང་བའི་གནས་བབ་དེ་ད་གཟོད་ནི་མགོ་བོར་གཉེར་མས་ཁེངས་ཤིང༌།  སྐུ་གཟུགས་ནི་ཆེས་རྒས་ཤིང་ཁོག་པའི་ཤིང་སྡོང་སྐམ་པོ་ཞིག་དང་ཨ་ན་མ་ན་རེད།

༥ ཨ་མ་ལགས།  དེ་རིང་ནི་འཛམ་གླིང་གི་གོ་ལ་ཧྲིལ་པོ་འདི་ལ་གནམ་འོག་གི་སྐྱེས་མ་ཡོད་ཚད་ཀྱི་བཀའ་དྲིན་རྣམས་རྗེས་དྲན་པར་བྱ་བའི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན་སྟབས། ངས་ཀྱང་ཨ་མ་ཁྱེད་ཀྱི་གསབ་དཀའ་བའི་བཀའ་དྲིན་རྣམས་མིག་ཆུའི་བཞུར་རྒྱུན་དང་ལྷན་དུ་དྲན་བཞིན་ཡོད་པས་ཨ་མས་ང་ལ་མིག་རྒྱང་བསྲིངས་ནས་ལན་གཅིག་གཟིགས་རོགས།  ངས་ཁྱོད་དྲན་བཞིན་ཡོད།  རེད་ཡ།  ཨ་མ་ཁྱོད་ཀྱིས་ང་ཚོ་དང་ཁ་གྱེས་ནས་འཇིག་རྟེན་ཕྱི་མ་ལ་ཕེབས་པ་དེ་ནས་བཟུང་སྟེ།  ངས་ཨ་མ་ཁྱོད་མ་དྲན་པ་ནི་ཉི་སྐར་ཙམ་དུ་ཟད།  དྲིན་ཅན་གྱི་ཨ་མ་ལགས️️། ད་དུང་ངས་མ་ཡུམ་གྱི་ཉིན་མོ་འདི་ལ་ཨ་མ་ཁྱོད་དང་འདྲ་བའི་གནམ་འོག་གི་ཨ་མ་ཚང་མ་ལ་བཀའ་དྲིན་རྗེས་དྲན་️ལན་བརྒྱར་ཞུ།   དྲིན་ཅན་གྱི་ཨ་མ་ལགས།

རྒྱལ་སྤྱིའི་མ་ཡུམ་ཉིན་མོ་ཉིན་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།