དྲྭ་ཐོག་གི་བསམ་ཚུལ་ཐོག་མདེལ་མ།

ཟིན་བྲིས་པ་ཡག་པོ་ཞིག་བྱ་འདོད་ན་འདིར་ལྟོས།
རྩོམ་ཡིག་སྤེལ་མི་འདོད་ཅིང་། མཆན་བུ་འདོགས་མི་འདོད་པའི་ནམ་དུས་ཤིག བོད་བཙན་པོའི་ཡིག་གེ་འདི་དེང་རབས་ཀྱི་སྡིང་ཆར་འབྱོར་ནས། དྲྭ་ཚིགས་ནས་བཟུང་རྒྱལ་སྤྱིའི་གཅིག་གྱུར་ཅན་གྱིས་བེད་སྤྱོད་ཐུབ་ཀྱིན་པའི་སྒང་འདིར། ང་ཚོ་ཚང་མས་གོ་སྐབས་དམ་འཛིན་དང་། དགའ་བའི་མེ་ཏོག་ཁོག་ཏུ་བཞད་ཅིང་། དགོད་སྒྲའི་ལག་པ་དྲྭ་ཐོག་ཏུ་བསྲིངས་པ་རེད།

སྐབས་དུས་དེར་སྐད་ཡིག་སྲུང་སྐྱོབ་དང་། མི་བུ་རང་རང་གི་རྣམ་དཔྱོད་ཀྱི་ཐབས་རྩལ་རིག་པའི་ཤུགས་ནུས་ལྟར། ཁེ་སངས་ཡང་གང་མཚམས་རག་ཡོད།འོན་ཀྱང་ལྷ་དར་སར་འདྲེ་དར་ཟེར་སྲོལ་བཞིན། རྩོམ་ཡིག་ལ་གཏོར་རྒོལ་དང་། མཆན་བུ་ལ་དབྱེན་སྦྱོར། དེ་བཞིན་ཉེ་རིང་དང་ཆགས་སྡང་། ཕྱོགས་རིས་དང་འཐེན་ཁྱེར། འགྲན་སེམས་དང་ཕྲག་དོག་གི་དྲག་རླུང་ལྡང་ནས། དེང་སང་གི་བོད་ཀྱི་དྲྭ་ཚིགས་ཁག་ནང་། བསམ་ན་གྲང་ཤུར་ཤུར་དང་། སོང་ན་ཚ་ཟིང་ཟིང་གི་སྣང་བ་ཞིག་ཡོང་བཞིན་བ་ནི་རེ་ཉིས་ཙམ་གཏན་ནས་མིན

སྤྱིར་དྲྭ་ཚིགས་འདིའི་ནང་གི་ཟིན་བྲིས་པ་མང་ཤོས་ཤིག་ཅི་ཞིག་གིས་བྲེལ་བ་ལངས་བ་ཡིན་ནམ། ཀློག་སྙིང་མི་བྲོ་བའི་ཡིག་ཚོགས་འགའ་བསྒྲིགས་ནས། རིགས་དེ་འདྲ་ཞིག་མང་པོ་སྤེལ་ཀྱིན་འདུག་ལ། ཡིག་ཚོགས་དེ་ཚོའི་ནང་བརྗོད་དོན་གྱི་མར་ཁུ་འཁྱིལ་མེད་པ་མ་ཟད། བརྡ་དག་གི་དབང་པོའང་ཡག་པོ་ཚང་མེད་པ་ཤ་སྟག་རེད། དེའི་ཉེ་འཁོར་ན་ཡོད་པའི་དྲ་གྲོགས་དག་གིས་ཀྱང་། དེ་སྙན་རབས་དང་། ཡག་རབས་ཀྱིས་ངོ་བསྟོད་ཁོ་ནས་བསྐྱོད་ཀྱིན་འདུག་པ་ནི་སྨྱོན་པས་སྨྱོན་པར་བསྟོད་པ་རང་རེད། མི་འདི་ཚོས་རང་ཉིད་དྲྭ་ཐོག་ཡོང་བའི་དགོས་དམིགས་ཅི་ཡིན་ངོས་བཟུང་མེད་པའམ། ཁག་ཅིག་སྣང་བ་གང་དྲན་གྱིས་སླེབས་པ་ལས། འདིར་ཡོང་བའི་དམིགས་ཡུལ་ཟེར་ཅང་ཡོད་ཚོད་མི་འདུག

དངོས་གནས་བྱས་ན་ཟིན་བྲིས་ཆོ་མེད་སྤེལ་བ་དང་། སྤུས་ཀ་མེད་པ། མཆན་བུ་ལ་རིན་ཐང་མེད་པ་དང་། དྲྭ་ཚིགས་ཀྱི་རིན་ཐང་བརླག་པའི་ལས་སྦྱོར་བྱུང་ཚེ། ཟིན་བྲིས་པ་དང་དོ་བདག་སོ་སོས་སྐྱོན་བརྗོད་དང་། དམིགས་བཀར་གྱིས་ཚར་བཅད་དགོས་མོད། དེ་འདྲའི་ལྷག་བསམ་ཅན་ཞིག་ཕྱོགས་འདིར་མེད་པའམ། རྣམ་དཔྱོད་ཀྱི་ཚུགས་ཀ་མེད་པའི་རི་བོང་རྐྱལ་འདྲོགས་ལྟ་བུས་ཁེངས་པ་ཡིན་ཆ་མ་འཚལ།

མཚམས་འདི་འདྲ་ཞིག་ནས། དྲ་ཐོག་གི་འབུར་དུ་ཐོན་པའི་ཟིན་བྲིས་པ་དང་། རིན་ཐང་ལྡན་པའི་རྩོམ་པ་པོ། གཞན་ཡང་ཁྱད་དུ་འཕགས་པའི་མཆན་བུ་བ་སོགས་ཆུ་སྤྲིན་བཞིན་རླུང་བུས་འདེད་པ་དང་། མེ་ཏོག་བཞིན་ཐལ་རྡུལ་གྱིས་འཐུམ་བཞིན་འདུག གནད་དོན་འདིར་ཡང་དག་པའི་སྟངས་འཛིན་ནན་པོ་དང་། གནད་ཁེལ་བའི་སྲུང་སྐྱོབ་ཡག་པོ་ཞིག་གནང་མ་ཐུབ་ཚེ། རྗེས་ཕྱོགས་ཤིག་ནས། དྲྭ་ཐོག་གི་རྩོམ་པ་པོ་དང་། དེའི་རྩོམ་ཡིག་ཁག་ལ་རིན་ཐང་མེད་པ་མ་ཟད་། ཀུན་གྱིས་འཕྱ་སྨོད་བྱེད་ཡུལ་གྱི་གཞི་རུ་འགྱུར་བ་དང་། དེ་བཞིན་འཆོར་ཉོག་གི་རྩེད་ར་ཞིག་དང་། དུས་ཚོད་བཅད་སའི་ཁོར་ཡུག་ཅིག་ཀྱང་ཆགས་སྲིད་པ་སྣང་།

ཟིན་བྲིས་པ་ཐབས་ཆག་ང་ལ་མཚོན་ནའང་། རྒྱུན་དུ་སྤྱི་ཚོགས་ལ་དམིགས་པའི་རྩོམ་ཉོག་གང་མང་ཅིག་སྤེལ་ཁུར་བྱས་མོད། དེང་སང་ཁམས་འདི་འདུས་ནས་ཉོབ་སྣང་དང་། དྲྭ་ཐོག་ཡོང་རྒྱུར་མི་འདོད་པ། དེ་ལས་ཀྱང་མཆན་བུ་འདོགས་རྒྱུར་ཆོ་མེད་པའི་སྣང་བ་ཞིག་ཤར་ནས་ལུས་ཡོད་ཅེས་པའི་ཚོར་སྣང་ཟིན་བྲིས་སུ་བཏབ་པའོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༦༢༠༡༠༠༠༢༤
ཁྱུང་པོ་ཨོ་རིག
ཨཽ། རྒན་འཆམ་ར་ལགས་ཀྱིས་འཕངས་བའི་ཐོག་མདེལ་དེ་ཧ་ཅང་རྣོ་པོ་འདུག གདམས་ངག་མཚང་ཐོག་ཏུ་ཕོག་ན་མན་ངག་ཡིན་པ་དེ་ར་སྤྲོད་དངོས་སུ་བྱུང་། ཁོ་བོ་ཡང་དེའི་ནང་གི་གཅིག་སྟེ། དོན་གྱི་ཉིང་ཁུ་དང་བྲལ་ཡང་འདོད་དབང་ཙམ་གྱིས་སྦང་མ་ལྟ་བུའི་མཆན་འགོད་བཞིན་པའི་བློ་སྟོང་ཞིག་ཡིན་པ་རང་ངོས་ནས་ཁས་ལེན་ཡོད། ཉིད་ཀྱིས་ཕན་ཚུན་དབྱེན་སྦྱོར་དང་ཆགས་སྡང་འཐེན་འཁྱེར་སོགས་ལ་བཀྱོན་ཕབ་པའི་ཐད་ལ། ་ ཁོ་བོས་བསམ་ཚུལ་ཞིག་བཤད་འདོད་ཡོད། མ་གཞི་ང་ཚོ་བོད་མི་རིགས་ལ་ཡོད་ཚད་བློས་བཏང་སྟེ་ཐོབ་པའི་འབྲས་བུ། ཕ་མེས་དབོན་དམ་པའི་ཤུལ་གཞག ཆེས་བླ་ན་མེད་པའི་རིག་གཞུང་གི་སློབ་གསོ་ཞིག་ཆུང་ཆུ་གདན་སྒང་ནས་ཐོབ། ཨ་མ་དང་མ་ཎི་མཉམ་ངོ་ཤེས་ཞིང་། ལུས་གཟུགས་དང་དགེ་སྦྱོར་མཉམ་དུ་ལོངས་བའི་ཕ་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ང་ཚོ་ལ་ཚུར་གཟིགས་དང་། མི་རིགས་ཀྱི་སྤོབས་པ་གྲམ་པ་བཞིན་དུ་དམའ་ཡང་། ཧམ་པ་དང་ང་རྒྱལ་རི་རབ་ལས་མཐོ་གི ནང་ཁུལ་གྱི་རྩོད་རྙོག་ལ་བག་ཕྱེ་བཞིན་དུ་ཞིབ་ཀྱང་། ཕྱི་མིས་བརྙས་སྨོད་ཐམས་ཅད་ཚུལ་མཐུན་དུ་བརྩི་གི གནད་དོན་འདིའི་ཐད་ལ་ང་ངོ་མཚར་སྐྱེ་ཡོང་གི་འདུག རྒྱ་མིས་བོད་པ་བཅོམ་པ་དེ་ལས་འབྲས་རེད། རྒྱུ་མཚན་ང་ཚོ་མེས་དབོན་སྐབས་སུ་རྒྱ་མི་བཅོམ་མཁན་གྱི་དམག་མིའི་སྐྱེ་བ་ཡིན་པའི་ཚོད་དཔག་དགོད་བྲོ་བ་ཞིག་བྱས་ཏེ། མདོ་དོན་རྒྱ་མིས་བོད་པ་བཅོམ་པ་ཚུལ་མཐུན་དང་ང་ཚོ་ནག་ཉེས་ཅན་དུ་ཁས་ལེན་ཐུབ་ཀྱི། དངོས་གནས་བྱང་ཆུབ་སེམས་དཔའི་གདུང་རྒྱུད་ལོས་ཡིན། འདྲ་པོ་འདུག ཡིན་ན་འང་གཟིགས་དང་། ནང་ཁུལ་གྱི་རྩོད་རྙོག་ཕྲ་མོ་ཁབ་ཙམ་ཡང་བློས་རྩ་བ་ནས་གཏོང་སྲོལ་མེད། སྐྱེས་པ་ཕོ་ཡི་དགྲ་ལན་དེ།།ལོ་དགུ་སོང་ཡང་ཕྱི་རབས་མེད། ཅེས་པ་ལྟ་བུའི་བསླབ་བྱ་ཉམས་སུ་བླངས་ཏེ། རྒས་ལོ་ལོན་གྱི་ཕ་མ། བཞིན་འཛུམས་རིལ་ཀྱི་མནའ་མ། ཆུང་ཡིད་འོང་གི་བུ་ཕྲུག གཞིས་འཁོར་ཀའི་མ་ལག རྟེན་དལ་འབྱོར་གྱི་ལུས་རྟེན་སོགས་ཡོངས་སུ་བློས་ཏེ་གཟིག་སྨས་མ་ཞིག་དང་འདྲ་བར་གྲི་ཁ་རུ་ལྕེབ་ཐུབ་ཀྱི། བརྩོན་ཁང་སྡོད་ཐུབ་ཀྱི། ཅི་འདྲའི་དཔའ་བོ་འགའ། དེ་དུས་སྐད་གྲགས་ཅན་གྱི་ལས་འབྲས་ཞེས་པ་དེའི་མཚན་ཙམ་ཡང་གོ་རིག་མེད་ཀྱི། གང་ལྟར་ཀྱང་བླ་མས་བླ་མར་མཚན་སྙན་ལ་རྩོད་ཀྱི། དགོན་པས་དགོན་པར་ཡོན་བདག་ལ་རྩོད་ཀྱི། དཔོན་པོས་དཔོན་པོར་ཐོབ་ཐང་ལ་རྩོད་ཀྱི། ཆོལ་ཁས་ཆོལ་ཁར་འཐེན་འཁྱེར་ཀྱིས་རྩོད་ཀྱི། གྲོང་པས་གྲོང་པར་ཁང་བརྩེགས་ལ་རྩོད་ཀྱི། གསར་འབྱོར་རྙིང་འབྱོང་གོམ་གཤིས་ལ་རྩོད་ཀྱི། བརྩད་པའི་གྲུབ་འབྲས་ཕ་ཁྱིམ་དེ་ཤོར་འདུག བརྩད་པའི་མཇུག་འབྲས་མི་ཡུལ་དུ་འཁྱར་འདུག་ཀྱང་ད་དུག་རྩོད་པའི་འུར་ཟིང་ནི་བསྐལ་པ་མ་སྟོང་གི་བར་དུ་ལྷིང་མ་འཇག་མི་འཇག་འཇག་པར་མི་འགྱུར་བ་ཞིག་རེད། མདོ་དོན་ང་ཚོས་ཁ་བ་ཅན་གྱི་རང་གཤིས་དེ་ཤམ་བྷ་ལ་རུ་བསྟན་སོང་བ་རེད། ཁྱེད་འཚིག་པ་ཟ་མི་ཉན།



བརྗོད་གཞི་གཞན་ཁག་ལ་གཟིགས།