༤༦༽ འབའ་བཤད་ཧ་སྒྲ་ཉིས་བརྩེགས་མ།

༈ འབའ་བཤད་ཧ་སྒྲ་ཉིས་བརྩེགས་མ།

སྤྲིན་ཚོགས་ནམ་མཁར་འཐོར་བའི་མ་ཞབས་ནས།།
རླུང་རྟ་དགུང་ལ་མཐོ་བའི་འཆམ་ར་བས།།
སེན་མོའི་ཤེད་ཤུགས་ངོམ་པའི་འབའ་ཕྲུག་ལ།།
གཏམ་ལན་འཛུབ་མདའ་ཙམ་ཞིག་འདི་ནས་སྣུན།།

 

ཤུགས་དྲག་ལྷག་བསམ་དཀར་པོའི་རྦ་རྡོ་དེ།།
ངོ་བསྟོད་འཁྱོག་པོའི་འགྲོས་ལ་མི་མཁས་ཤིང་།།
དྲང་མོའི་སྙིང་སྟོབས་ངོམ་པའི་ཟ་ཟུར་ནས།།
འབུ་ཆུང་གྲོག་མ་བསད་ཀྱང་སྡུག་གྱོང་རེད།།

རེ་བའི་དམིགས་ངན་རྨི་ལམ་ནང་ནས་འབུས།།
མཛེས་མའི་མིང་གིས་རྩམ་པ་གདོང་ལ་བྱུག།
སེར་མོའི་སྔོ་ལོ་ནག་ཁུང་ནང་ནས་བཤམ།།
སྐྲ་རྩ་མགོ་ནས་སྐམ་པའི་འབའ་ཕྲུག་ཞིག།

སྤྱིར་བཏང་བརྡ་དག་རིག་པའི་ཁུངས་དབེན་ཞིང།།
གཅམ་བུའི་ལྕེ་ལེས་རྐུག་ནས་ལྡག་སྟངས་འདི།།
དྲང་མོའི་རྣ་བ་དཔྱོང་པའི་འཆམ་ར་བའི།།
བདེན་པའི་སེམས་ལ་བྱིས་པ་ངུ་སྟངས་ཙམ།།

ནགས་ཁྲོད་འཚོ་བ་སྐྱེལ་བའི་སྤྲེའུ་དེས།།
དཔྱོད་ལྡན་མི་ཡི་ལོངས་སྤྱོད་མ་བཟོད་ནས།།
འུ་ཐུག་འཛུབ་མོ་འཆའ་པའི་སྨག་ནག་ནང་།།
སྐྱག་པ་མཛོ་རོ་ཙམ་ཞིག་བཞག་པ་མཚར།།

གང་ལ་སོང་ཡང་རིག་པའི་དཔའ་ངར་ཅན།།
ཚངས་སྲས་བུ་མོའི་མག་པ་འཆམ་ར་བས།།
ཤམ་བྷ་ལ་ཡི་རྒྱལ་སྲིད་འཕྲོག་འདོད་སོགས།།
ཐབས་ཟད་ཐལ་བ་འགམ་པའི་དབྱེན་སྦྱོར་ཞིག།

བརྡ་དག་རིག་པའི་ཐེམ་སྐས་མ་བརྒལ་ཞིང་།།
བརྗོད་དོན་ཁང་ཆེན་སྦུག་ཏུ་མ་སླེབས་ཀྱང་།།
ཉིང་དགོས་ཡིད་དབང་འཕྲོག་བའི་མཛའ་ན་མོ།།
གཅེར་བུ་འཁྱུད་འདོད་ཅན་རེ་ཕྱོགས་འདིར་འཕྱན།།

སུ་ལ་དཀར་རྩི་བྱུག་པའི་རུལ་སུངས་ཁྲོད།།
དམིགས་ངན་སྐྱག་འབུ་འགའ་རེ་གཡེངས་ན་ཡང་།།
སེར་པོའི་ཞྭ་མོ་ལུང་རིག་མདུན་ས་ལས།།
ལྕེ་རྩེས་སྐྱག་ཁུང་སྦུག་ནས་རག་དོགས་མེད།།

ཁོག་ཤེད་ཡུལ་ལ་སྐོར་བའི་སེམས་ཡོད་ན།།
རིགས་ལྡན་རྒྱལ་པོ་ང་ལ་ཕྱག་གསུམ་ཕུལ།།
ཡངས་པའི་སྨྱུག་རྩལ་ངོམ་པའི་བྱིན་རླབས་ཁྲོད།།
སྣམ་བུ་སེར་པོ་གྲུ་གང་ལྷུང་ཡང་སྲིད།།

ལན་རེར་ཐོ་རངས་དུས་སུ་གསོལ་བ་ཐོབ།།
གཏི་མུག་གཉིད་ལས་སད་པའི་དགོས་པ་ཡོད།།
མཚམས་རེར་ལྟོ་ཐུན་གསུམ་ལ་མཆོད་པ་ཕུལ།།
ལྡོམ་པོའི་བསུས་པ་གང་བའི་དགོས་པ་ཡོད།།

ཅི་སྟེ་ཐབས་ཟད་བློ་གྲོས་སྟོང་སོང་ན།།
ཞལ་པར་ནར་མོ་རྣ་བར་སྦྱར་ཙམ་གྱིས།།
གལ་ཏེ་ཞེད་སྣང་ཚ་བོ་སྐྱེས་སོང་ན།།
སྐུ་མཁྱེན་ཞེས་པའི་ཚིག་གཉིས་སྔོན་ལ་བོས།།

དེ་ལྟར་ཁྱེད་ལ་བདམས་པའི་ཞལ་ཏ་རྣམས།།
ཤོག་ངོས་བྲིས་ནས་འཆན་ཁུང་གཡོན་དུ་ཐོགས།།
ངག་ལ་ཟུངས་ནས་ཉིན་རེར་ཐེངས་གསུམ་སྐྱོར།།
མ་ཤི་བར་དུ་མི་ཤིའི་བྱིན་རླབས་ཡོད།། 
ཧཧཧཧཧཧཧ། ༼འདིའང་སྐྱག་པ་གཏོང་ཞོར་བྲིས།

སྐུ་རྩེད་ཡིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།