༤༥༽ འུར་རྒྱབ་ཡོད།

༈ འུར་རྒྱབ་ཡོད།

སྡེ་ཆེན་ཁྲོམ་ར་བསྐོར་བའི་གཡས་ཟུར་ནས།།
ཕོ་རྒོད་དར་མ་ཡོད་ན་ལོངས་ཤོག་དང་།།
སྨྱུག་རྩལ་སྣ་དགུ་འཁོར་བའི་འཆམ་ར་བས།།
རིག་པའི་ཕོ་ཤེད་ངོམ་སྟེ་སྒུག་བསྡད་ཡོད།།

 

ཡ་ཐོད་ཟླ་བ་བཀས་པའི་རྩ་ལམ་ནས།།
རིག་རྩལ་འོད་ཀྱི་སྣང་བ་ཁྱེ་ཤོག་དང།།
ཡངས་པའི་རྩ་ཐང་སྟེང་གི་འཆམ་ར་བས།།
འཛུམ་ཁའི་མེ་ཏོག་ངོམ་བཞིན་སྒུག་བསྡད་ཡོད།།

ཁ་ཕོའི་རྭ་རྩེ་རྣོ་བའི་གླང་གོག་འགས།།
མགྲིན་པ་བར་སྣང་ཁམས་སུ་ངོམ་ན་ཡང།།
རང་ཚིག་སུག་རྗེས་བཞག་པའི་ལམ་ཁ་ནས།།
ངན་འཚང་རྙང་བ་ནག་པོ་མཐོང་སོང་ངོ་།།

ཀ་ཁའི་ལྕེ་ལེ་ཞར་བའི་གླེན་པ་འགས།།
སྙན་ཚིག་བུ་མོའི་ལུས་ལ་འཐམ་པ་ན།།
སྐྱེ་གཟུགས་ལང་ཚོ་རྫོགས་པའི་འཆམ་ར་བ།།
ཁ་མིན་ཁོག་པའི་གཏིང་ནས་དགོད་ཤོར་སོང།།

འབའ་བ་ཟེར་ཡང་ཚིག་ཐོག་བྲོ་རྡུང་རེད།།
བྲག་གཡབ་བུ་མོ་ཁ་ཤོམ་གཅིག་པུ་རེད།།
སྒྱུ་རྩལ་རིག་པའི་དཔུང་ཤེད་ངོམ་པ་ན།།
སྟོབས་ཤུགས་ལུས་ལ་རྫོགས་པ་ང་རང་ཙམ།།

བེ་རི་སྨྱོན་པ་ལྡིར་སྒྲ་ཆེ་ན་ཡང་།།
སྟོང་བའི་མཁའ་ལ་ང་རྒྱལ་སྐྱེ་རོགས་རེད།།
ས་འཛིན་བུ་མོའི་ལྟོ་བ་བསྔོག་པ་ན།།
སྙན་པའི་ཁུ་བྱུག་སྔོན་མོ་ང་རང་ཙམ།།

རིག་པའི་རྩལ་ལ་ཡེ་ཤེས་ཆོས་བཟང་དང་།།
ལྷག་པའི་བསམ་པ་སངས་རྒྱས་རྡོ་རྗེ་ཞེས།།
གནས་མཆོག་ཤམ་བྷ་ལ་ནས་གྲགས་ན་ཡང་།།
གཉིས་ཀ་གཅིག་ལ་འཛོམས་པ་ང་རང་ཙམ།།

བྲག་འགོའི་བུ་དེ་བྱིས་པ་སྣབས་ལུགས་རེད།།
རྩེད་ར་ཁྲ་མོ་དྲྭ་ཚིགས་འདི་ཉིད་རེད།།
དཔལ་འབར་བུ་དེ་གླེན་བ་ལུག་རྒན་རེད།།
གཅེར་རྒྱུག་བྱེད་ས་དྲྭ་ཐགས་འདི་ཉིད་རེད།།

ཁ་ཅིག་ཨ་གསར་ཆེ་བ་ཤོག་གུ་རེད།།
ལ་ལ་ནོར་སྐྱོན་མང་བ་གད་སྙིགས་རེད།།
མེད་ན་སྣང་བ་གཙང་བའི་ཐལ་རྡུལ་ཚོ།།
ཆར་རླུང་གཅིག་གི་སྣེ་མོར་ཕྱགས་ན་བསམ།།

ཐོ་ཡོལ་དཔལ་ལ་འགྲན་པ་འགའ་ཞིག་དང་།།
ནེ་ཙོའི་ལད་ཟློས་སྦྱོང་བ་ཁག་ཅིག་བཅས།།
ཀོ་རྒྱུན་ནར་མོ་ཞིག་གིས་དེད་དགོས་སམ།།
རླུང་གིས་སྦོས་ནས་ཐུ་ལ་འཆོང་བཞིན་འདུག།།

གནོག་ཆེན་ཤེས་བྱའི་རྒྱགས་ཕྱེ་མེད་པ་ལ།།
མཆན་བུའི་སྤྲང་ལག་གང་སར་སྲིང་བཞིན་པའི།།
ཟིན་བྲིས་བུ་མོའི་སྐྱེ་གཟུགས་རྫད་མཁན་འགའ།།
ཕྱི་བཀྱིག་བརྒྱབ་ནས་བཙོན་ལ་འཇོག་རན་ཡོད།།

འུར་གཏམ་འུར་རྡོ་ཤུགས་ཀྱིས་འཕང་པ་ན།།
གླེན་པ་ལུག་གི་མགོ་བོ་བཅག་ཀྱང་རུང་།།
ཕྱི་སྣུར་མེད་པའི་རྫི་བོ་འཆམ་ར་བས།།
ཤ་ཤེད་མ་རྒྱས་བར་དུ་དེད་ངེས་ཡིན།།

༢༠༡༠་༧་༥་ཉིན་འཆམ་ར་བས་བོད་ཀྱི་རྒྱལ་ས་གཉིས་པ་ནས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།