༤༣༽ རྡ་སའི་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ།

༈ རྡ་སའི་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ།
དེ་ཡང་ཉིན་ཤས་སྔོན་རྡ་སའི་ཐང་ཁྲོམ་སྟོན་མཁན་ཚོར་ས་གནས་སྐོར་སྲུང་བས་བཀོད་ཁྱབ་འདི་འདྲ་ཞིག་གཏོང་ཡོད། ཕྱི་ཟླ་ ༦་ཚེས་ ༢༨ ནས་བཟུང་ཐང་ཁྲོམ་ཡོད་ཚད་སྟོན་མཚམས་འཇོག་དགོས་པ་དང། དེ་ནས་བཟུང་ཐང་ཁྲོམ་སྟོན་མཁན་སུ་ཞིག་བྱུང་ཡང་། ཚོང་ཆས་ཡོད་ཚད་གཞུང་བཞེས་དང་། ཉེས་ཆད་གཅོད་རྒྱུ་ཡིན་པ་མ་ཟད། ཁྲིམས་ཁང་ནང་བསྐྱལ་རྒྱུ་ཡིན་ལུགས་བཅས་བཤད་ཡོད།

ཁོང་ཚོས་བཀག་འགོག་བྱེད་པའི་རྒྱུ་མཚན་ནི། ཡུལ་སྐོར་སྤྲོ་འཁྱམ་པ་དང་། ས་གནས་གླ་འཁོར་གཏོང་མཁན་སོགས་ཀྱིས་རྡ་སའི་ཁོར་ཡུག་གཙོག་པ་དང་། གུ་དོགས་པོ་ཆགས་རྐྱེན་ནི་ཐང་ཁྲོམ་སྟོན་མཁན་མང་པོ་ཡོད་པ་འདིས་རེད་འདུག་པས། དེ་དག་མེད་པ་གཏོང་དགོས་པའི་འབོད་བསྐུལ་ཞུས་པས་རེད་ཟེར་ཀྱིན་འདུག ཉི་མ་དེའི་སྔ་ཕྱི་བར་གསུམ་དུ་ཐང་ཁྲོམ་སྟོན་མཁན་ཚོས་རང་འཇག་སྡོད་ཆོག་པའི་ཐབས་ཤེས་འཚོལ་བཞིན་འདུག།

དེ་ཡང་ཐང་ཁྲོམ་སྟོན་མཁན་ཕོ་གསར་ཞིག་གིས་བརྗོད་རྒྱུར། ༼ང་ཚོ་ཐང་ཁྲོམ་སྟོན་མཁན་ཚོང་བ་ཉིས་བརྒྱ་མ་ཟིན་ཙམ་ཡོད་ལ། ང་ཚོས་ཐང་ཁྲོམ་འདི་ལ་བརྟེན་ནས་ནང་མི་ཚོ་གསོ་བཞིན་ཡོད། དེས་ན་ང་ཚོའི་ཐང་ཁྲོམ་འདི་ལ་བརྟེན་ནས་མི་དྲུག་བརྒྱ་ལྷག་གཅིག་གི་འཚོ་བ་སྐྱེལ་བཞིན་ཡོད། འོན་ཀྱང་རྒྱུ་གར་གཞུང་གིས་ཐང་ཁྲོམ་སྟོན་མི་ཆོག་པའི་བཀོད་ཁྱབ་འབྱོར་བ་དང་། ང་ཚོ་ཚང་མ་དངངས་སྐྲག་ཅིག་གིས་བོད་གཞུང་གི་ལས་ཁུང་ཁག་མང་པོ་ཞིག་དང་། རྒྱ་གར་མངའ་སྡེ་གཞུང་གི་ལས་ཁུང་ཁག་དྲུག་ཙམ་ལ་བདེ་སྡུག་གི་སྙན་ཞུ་ཕུལ་ཡོད་ལ། དེ་དག་ནི་ས་ཆ་འདི་རང་ལ་སྡོད་ཆོག་པའི་ཞུ་སྙན་ཞིག་ཡིན་ཟེར༽

ཡང་ཁོང་གིས་ཐང་ཁྲོམ་སྟོན་མཁན་ཚོའི་ཡོངས་ཁུངས་ནས་བཤད་དོན། ༼ང་ཚོ་ཐང་ཁྲོམ་སྟོན་མཁན་མང་ཆེ་བ་ནི། ཐང་ཁྲོམ་འདི་རང་ལ་འཚོ་བ་བརྟེན་ཏེ་སྡོད་ཡོད་པའི་བོད་ནས་གསར་དུ་འབྱོར་བ་ཤ་སྟག་ཡིན་ལ། དེའི་ནང་ཧི་མ་ལ་ཡིའི་མི་རིགས་བལ་པོ་དང་མོན་པ་སོགས་ཀྱང་རེ་ཉིས་ཡོད་ཅེས་བཤད་སོང༽

ཡང་ཁོང་གིས་དེ་སྔོན་དཀའ་ངལ་གང་ཞིག་འཕྲད་ཡོད་མེད་དང་། དེའི་སྐབས་ཀྱི་ཐབས་ལམ་གང་ཞིག་བསྟེན་མིན་ཐོག་བཤད་རྒྱུར།

༼ང་འདིར་འབྱོར་ནས་ལོ་ངོ་དྲུག་ཙམ་ཡིན་ལ། དེའི་རིང་རྒྱ་གར་གཞུང་གིས་འདི་ལྟར་བཀོད་ཁྱབ་ཐེངས་གཉིས་ཙམ་འབྱོར་སོང། སྐབས་མཚམས་དེར། ང་ཚོར་སྐྱིད་སྡུག་ཞུ་ས་གཅིག་རང་ཡོད་པ་དེ་བོད་གཞུང་ཡིན་དུས། བཀའ་ཤག་དང་། སྤྱི་མཐུས། བདེ་དོན། བདེ་སྲུང། ནང་སྲིད། ས་གནས་མཐུས་མི་བཅས་ལ་སྐྱིད་སྡུག་ཞུས་ཀྱང། འདི་ཡིན་གྱི་ལམ་སྟོན་གསལ་པོ་ཞིག་མ་བྱུང་བ་ད་དུང་འདི་ལྟར་མྱངས་ནས་ལུས་ཡོད་པ་རེད། ད་རེས་ཀྱང་གོང་གསལ་ལས་ཁུང་ཁག་ལ་ཞུ་བ་ཕུལ་ཡོད་༽ཟེར།

ཐང་ཁྲོམ་བཀག་འགོག་བྱས་ནས་དེ་རིང་བར་ཉིན་གསུམ་ཙམ་ཕྱིན་ཟིན་པ་རེད། ཉིན་དང་པོར། ཐང་ཁྲོམ་སྟོན་བོད་པ་གཅིག་ཀྱང་མི་འདུག་མོད། རྒྱ་གར་ཡུལ་མི་དག་ནི་རང་འཇགས་རེད་འདུག། དཔེར་ན་བོད་པ་དང་འདྲ་བའི་ལམ་ཁའི་སྔོ་ཚལ་གཙོང་མཁན་དང་། ཡུལ་སྐོར་སྤྲོ་འཁྱམ་པའི་ཉེར་སྤྱད་གཙོང་མཁན། གཞན་ཡང་ཁ་ལག་ཙག་ཙིག་གཙོང་མཁན་དག་རེད། འོན་ཀྱང་ཉིན་གཉིས་པ་ནས། བོད་པ་ཐང་ཁྲོམ་སྟོན་མཁན་རེ་གཉིས་མཐོང་རྒྱུ་འདུག ཡིན་ནའང་ཁོང་ཚོ་་སྐྲག་སྐྲག་འདར་འདར་ངང་བསྡད་འདུག སྐབས་དེར་ཉེན་རྟོག་པ་འགས་སྐོར་གཡེང་བྱེད་ཀྱིནའདུག་ཀྱང། ཁོང་ཚོས་ཅི་ཡང་བཤད་ཀྱིན་མི་འདུག ཉིན་གསུམ་པ་ནས་ཁྲོམ་་དེ་ལས་མང་ཙམ་གཤམ་མཁན་འདུག་ལ། ཁ་སང་བཞིན་ཅི་ཡང་བཤད་མཁན་མི་འདུག སྙིང་རྗེ་ཕལ་ཆེར་རེ་བ་ཞིག་ཡོད་པ་མིན་འགྲོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།