༤༢༽ བསྒྲགས་གཏམ་ཀ་ཁ་གོ་ལྡོག་མ།

༈ བསྒྲགས་གཏམ་ཀ་ཁ་གོ་ལྡོག་མ།།

ཨ་མ་བོད་ལ་དུང་བའི་གླུ་རེ་བླངས་ཡོད།།
ཧ་སྒྲའི་དགོད་གདང་གསེང་ནས་བདེན་པ་བསྒྲགས་ཡོད།།

ས་ཆེན་སྨག་གིས་གཡོག་པའི་དུར་ས་འདི་ནས།།
ཤ་ཁྲག་བོད་ལ་འཁོར་བ་གཅིག་པ་ཡིན་ཡང་།།
ལ་ཆུང་རི་ཡི་རྕེ་མོར་སླེབས་ཐེངས་རེར་ལ།།
ར་མ་ལྟ་བུའི་མི་བུ་འགའ་རེ་འཕགས་སོང།།

ཡ་ཡོའི་གཏམ་རེ་མིན་ཡང་སུ་ཞིག་ཁྲོས་སོང་།།
འ་ཅག་ཁ་བ་རི་བ་གང་ལ་ཟག་སོང་།།
ཟ་མ་མི་ལག་བཞག་ནས་གང་ལ་བྲོས་སོང།།
ཞྭ་ར་མིན་ཡང་ད་ནི་ང་ཚོས་ལོས་མཐོང་།།

ཝ་ཡེ་གྲོགས་དག་རིག་པའི་བློ་གྲོས་ཡོད་ན།།
ཛ་དྲག་བོད་ཀྱི་དོན་ལ་ནུས་ཤུགས་སྤུངས་དང་།།
ཚ་བོ་བཀའ་བློན་ཁྲི་བའི་བགྲོ་གླེང་རིང་མོ།།
ཙྭ་ཐང་བང་ཆེན་སྟེང་དུ་འཚོགས་རན་ཡོད་དོ།།

མ་ཤིག་ཅིག་ནས་ལྐོག་གཏམ་མུ་ཤི་མ་བགྲང།།
བ་རྒན་མིན་ན་སྡིངས་ཆའི་སྟེང་ལ་ཐོན་ཤོགས།།
ཕ་བཟང་བུ་ཞིག་ཡིན་ན་རིག་རྩལ་སྡུར་འགྲོ།
པ་ཏྲའི་གཡོ་སྒྱུ་ལྟ་བུ་ཞེན་པ་ལོག་སོང།།

ན་ཟླའི་སེམས་ཁ་མཐུན་པའི་གླུ་རེ་བླངས་ཡོད།།
ད་ལོ་མ་འོངས་བོད་ཀྱི་བྱུས་འགོ་ཡིན་པས།།
ཐ་ཆད་མིན་ན་མགྲིན་པའི་གྲེ་བ་གསང་ནས།།
ཏཱ་ལའི་བླ་མའི་གཞོགས་འདེགས་བྱེད་པར་ལང་ཤོགས།།

ཉ་མོ་ཆུ་ལ་འཁོར་འཁོར་བོད་ལ་འཁོར་ཡོད།།
ཇ་ཆུའི་ངན་ངོན་ཙམ་ལས་འཚོ་བ་མེད་ཀྱང།།
ཆ་རྒྱུས་བོད་ལ་ཆེ་བའི་གཏམ་རེ་བཤད་ཡོད།།
ཅ་ཅོའི་ཅོལ་གཏམ་མ་བཤད་གདོང་ལ་བུད་ཤོགས།།

ང་དང་སེམས་པ་ལམ་ཁའི་གད་སྙིགས་ཡིན་ན།།
ག་དུས་ཡིན་ཡང་བོད་ཀྱི་ཞིང་སར་ཕྱོགས་ཡོད།།
ཁ་རོག་བག་མེད་སྤྱོད་པའི་ལྕེ་ལེ་དམར་པོས།།
ཀ་ཡེ་སྤུན་ཆུང་ཁ་ཡི་སྦུགས་ནས་གཟོབ་ཤིགས།།

འདི་ཡང་དྲྭ་ཁང་ཞིག་ནས་རྩོམ་བཏགས་བླུག་གསུམ་ལྷན་གཅིག་ཏུ་བྱས་སོ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།