༣༨༽ དགའ་བསུ་ཞུ་མཁན་དེ་ནང་པ་རེད་དམ།

༈ ལྷམ་གོག་ལ་སྟོན་པའི་པར་རིས་སྦྱར་བར་དགའ་བསུ་ཞུ་མཁན་དེ་ནང་པ་རེད་དམ།
དང་པོ། གང་གླེང་བ་བྱ་བའི་གནས་དོན་འདིའི་བརྒྱུད་རིམ་རོབ་ཙམ་གླེང་བ།
གཉིས་པ། སློབ་ཕྲུག་ཚོགས་པའི་ལས་འགུལ་དེར་ངོ་རྒོལ་གནང་མཁན་གྱི་འདོད་པ་ངོས་འཛིན་པ། 
གསུམ་པ། རྒོལ་བ་དེ་ལ་ཆོས་སྲིད་སོ་སོའི་ཐད་ནས་ཡང་དག་པའི་རྒྱུ་མཚན་གྱིས་ལན་དུ་ལྡོན་པ།

དང་པོ། གང་གླེང་བ་བྱ་བའི་གནས་དོན་འདིའི་བརྒྱུད་རིམ་རོབ་ཙམ་གླེང་བ། དེ་ཡང་ཨ་རི་ལ་ཡོད་པའི་༼ཛ་ཛེལ་༽zazzle་ཟེར་བའི་བཟོ་གྲྭ་དེས་ནང་བའི་ལྷ་དང་བླ་མས་རྒྱན་བཟོས་བྱས་པའི་ལྷམ་མང་པོ་ཞིག་གསར་བསྐྲུན་བྱས་ཏེ་ཚོང་འགྲེམ་བྱེད་བཞིན་པ་ལ། བློ་ཕམ་ཆེན་པོའི་ངང་ང་ཚོ་དབྱིན་ཡིག་སློབ་མ་ཚོས་ལྷག་བསམ་ལྷད་མེད་དང་།  མ་བསྐུལ་དང་བླང་གིས་རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པ་ཟེར་བ་གསར་དུ་བཙུགས་ཏེ། དེས་སྣེ་ཁྲིད་ནས་ཕྱི་ཟླ་༦་ཚེས་ ༡༩ ཉིན། ངོ་རྒོལ་ལས་འགུལ་ཞིག་སྤེལ་འཆར་བྱས་པ་ཡིན། དེ་ལྟར་ངོ་རྒོལ་བྱ་འཆར་གྱི་གསལ་བསྒྲགས་ཤིག་ཕྱི་ཚེས ༡༤ ཉིན་བོད་ཡིག་གི་ལམ་ནས་དྲྭ་རྒྱའི་ཐོག་ལ་བཀྲམས་སྟེ། དེའི་དགོང་མོར་བཟོ་གྲའི་འགོ་འཛིན་པ་ལའང་འབྲེལ་བར་བྱས་ཡོད། ཁོང་ཚོས་དགོངས་སེལ་དང་བསྒྲགས། ངོ་རྒོལ་ལས་འགུལ་མཚམས་འཇོག་གནང་རོགས་ཟེར་ནས་རེ་ཞུས་བྱས་པ་ལྟར། ང་ཚོས་ཀྱང་དེ་ལྟར་ལས་འགུལ་མཚམས་འཇོག་བྱས་ནས། དྲྭ་རྒྱ་ཁག་གི་ནང་དེ་བཞིན་གསལ་བཤད་ཞུས་ཡོད། འོན་ཀྱང་བོད་མི་ཞིག་གིས་ང་ཚོའི་ལས་འགུལ་དེ་ལ་མིང་འདོགས་ངན་པ་དང་བཅས་ངོ་རྒོལ་གནང་འདུག སྤྱིར་ན་རང་ཉིད་རྙོག་གླེང་བཤད་རྒྱུར་དགའ་བོ་མེད་མཁན་ཞིག་ཡིན་ཡང་། འདི་གསལ་བཤད་མ་བྱས་མཐུ་མེད་ཅིག་ཡིན་སྟབས་སྐད་ཆ་འགའ་བཤད་འདོད་བྱུང་།

གཉིས་པ། སློབ་ཕྲུག་ཚོགས་པའི་ལས་འགུལ་དེར་ངོ་རྒོལ་གནང་མཁན་གྱི་འདོད་པ་ངོས་འཛིན་པ། དེ་ཡང་སྤོབས་པ་མཐའ་ཡས་ཞུ་བ་ཞིག་གིས་ལྷམ་ངོས་སུ་ནང་བའི་སྟོན་པ་དང་དབུ་ཁྲིད་སྦྱར་བ་དེ་ནི་ནང་བ་ཚོས་ཡིད་རངས་ཞུ་འོས་པའི་གནད་དོན་ཞིག་ཡིན་རབས་དང་། དེ་ལ་ངོ་རྒོལ་བྱེད་མཁན་དེ་དག་ནི་བསྟན་པ་བཤིག་མཁན་དང་། སྟོན་པ་ལ་རྒྱབ་འགལ་བྱེད་མཁན་ཡིན་པའི་གཞི་མེད་ཀྱི་སྐྱོན་འཛུགས་རྫབ་ཆེན་ཞིག་བྱས་སྣང།

དེའང་དུས་བབ་སྤྱིའི་འདོན་ཐེངས་༤༨༨ པའི་སྟེང་དུ༼སངས་རྒྱས་ལ་བརྙས་བཅོས་སུས་བྱས༽ཞེས་པའི་འགོ་བརྗོད་འོག ༼རང་རེའི་སྟོན་པ་དང་བླ་མ་ལ་དེ་ལྟ་བུའི་མཐོང་ཆེན་དང་དགའ་མོས་བྱས་ཏེ་ལྷམ་ཡན་ཆད་ཀྱི་སྟེང་དུ་བཀོད་པ་དེ་ནི་དགའ་བསུ་ཞུ་འོས་པ་ཞིག་ལས་ངོ་རྒོལ་བྱ་བའི་འོས་སུ་མ་གྱུར་མོད་ལུང་ཁུག་གི་གོམས་སྲོལ་ཉི་ཚེ་བ་ཙམ་གྱི་དབང་དུ་བྱས་ན་ཅི་ཆ་ཡོད༽ ཅེས་གླེང་འདུག་ལ། ད་དུང་ཁོང་གིས་ངོ་རྒོལ་བྱ་འཆར་དེ་ཆོས་སྲིད་གཉིས་ཕྱོགས་གང་གི་དབང་དུ་བྱས་ཀྱང། དེ་དག་སོ་སོའི་ལམ་ལུགས་དང་འགལ་ཚུལ་ཡང་འདི་ལྟར་བཤད་སྣང། ༼ངོ་རྒོལ་བྱེད་དགོས་ཟེར་མཁན་ཚོར་འདིར་དྲི་བ་གཉིས་འདོན༽ཞེས་ངོ་རྒོལ་བྱེད་པའི་རྒྱུ་མཚན་དེ་ཆོས་སྲིད་གང་གི་དབང་དུ་ཡིན་པ་དང་། ཆོས་ཀྱི་དབང་དུ་ཡིན་ན། བཟོད་སྒོམ་བྱེད་པ་དང་། ཁྲོས་ཀྱང་སླར་མི་ཁྲོ་བའི་དགེ་སྦྱོང་གི་ཆོས་དག་བསྟེན་དགོས་རྒྱུ་ལས། དེ་ལྟར་མ་བསྟེན་པ་ངོ་རྒོལ་བྱས་ན། དེ་ཚོ་ནི་མདོ་སྔགས་སོ་སོའི་ལུགས་ལས་འགལ་ཚུལ་ཀྱང་བཤད་སྣང་ལ། ཆབ་སྲིད་ཀྱི་དབང་དུ་བྱས་ན། ལྷམ་ངོས་ལ་དེ་དག་སྦྱར་བ་ནི་མཚོན་དོན་སྡུག་ཆགས་ཤིག་མིན་པ་བོད་དང་བོད་དོན་ཁྱབ་བསྒྲགས་འགྲོ་བ་དང་། དེ་དག་ལ་དགའ་ཞེན་དང་སྙན་གྲགས་ཡོད་པ་གསལ་སྟོན་བྱས་ཡོད། ཅེས་བཤད་འདུག།

གསུམ་པ། རྒོལ་བ་དེ་ལ་ཆོས་སྲིད་སོ་སོའི་ཐད་ནས་ཡང་དག་པའི་རྒྱུ་མཚན་གྱིས་ལན་དུ་ལྡོན་པ། དེ་ཡང་ཁོང་གིས་ཆོས་སྲིད་གང་གི་ལུགས་སུ་བྱས་ཡིན་ཟེར་འདུག། སྤྱིར་ངོ་རྒོལ་ཞིག་ཡིན་ན་དེ་ཉིད་་ཆོས་སྲིད་གང་ཞིག་གི་ལུགས་སུ་ཡིན་དགོས་པའི་ངེས་པ་མེད་པ་བཞིན། ང་ཚོས་ཀྱང་ལུགས་སྲོལ་གྱིས་ཤན་ཕྱེས་མེད། འོན་ཀྱང་ཆོས་སྲིད་གང་ཐད་ནས་བཤད་ཀྱང་ཡང་དག་པའི་ལམ་སྲོལ་ཡོད་པ་དང་། དྲང་བདེན་པའི་ལམ་ཁ་ཞིག་ལ་ཕྱིན་ཡོད་སྙམ།

དེ་བཞིན་ངོ་རྒོལ་བྱ་འཆར་བྱས་པ་དེ་ཆོས་ཕྱོགས་ནས་བཤད་ན། ཆོས་དང་མཐུན་ཞིང། བསྟན་པའི་ཞབས་འདེབས་ཤིག་འགྲོ་ཀྱིན་ཡོད་ལ།

འཇིག་རྟེན་ཕྱོགས་ནས་བཤད་ན་རྒྱལ་སྤྱིའི་ཁྲིམས་དང་མཐུན་ཀྱིན་ཡོད་པ་མ་ཟད། མི་ཆོས་རིང་ལུགས་དང་མཐུན་པའི་བཟང་སྤྱོད་སྲུང་བརྩི་ཞུས་པ་ཞིག་ཀྱང་ཆགས་ཡོད།

༡༽ དེ་ཡང་དང་པོ་ཆོས་དང་མཐུན་ཚུལ་ནི།

ནང་པའི་སྐྱབས་འགྲོའི་བསླབ་བྱའི་ནང། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས། སངས་རྒྱས་ཀྱི་སྐུ་བརྙན་ཙམ་མ་ཟད་ལྷན་བ་སེར་མོ་ཡན་ཆད་ལའང། དགེ་འདུན་དངོས་ཀྱི་འདུ་ཤེས་བཞག་དགོས་གསུངས་ཡོད་ལ། ད་དུང་ཕྱི་བ་ནང་པ་སྐྱབས་འགྲོས་ཁྱད་ཅེས་པའི་ལུང་དོན་འདི་ཚོས། ནང་པའིསྟོན་པ་དང་བླ་མའི་སྐུ་བརྙན་དག་ལྷམ་ངོས་སུ་སྦྱར་བ་ལ། ཡིད་རངས་བྱེད་མཁན་དེ་ནང་པ་ཞིག་ཡིན་ཚུལ་འདུག་གམ། དེ་བཞིན་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ནས། ཚྭ་ས་ཆག་དུམ་ཡན་ཆད་ལའང་སངས་རྒྱས་དངོས་ཀྱི་འདུ་ཤེས་བཟུང་སྟེ། ལམ་འོག་ལ་ཡོད་ན་ལམ་ལྟག་འཇོག་དགོས་ཚུལ་གསུངས་ཡོད་པ་འདིས། དད་འདུན་ཞུ་ས་དེ་རྣམས་ས་གཙང་ས་དང་གནས་མཐོ་ས་ལ་བཞག་སྟེ། གུས་བཀུར་ཞུ་སྟངས་དང་། དད་འདུན་བྱེད་སྟངས་ཀྱི་སློབ་སྟོན་ཤིག་ཡིན་པ་ལས། རང་གི་མིང་དང་སྙན་གྲགས་ཀྱི་ཆེད་དུ་བླ་མ་དང་སངས་རྒྱས་ཀྱི་སྐུ་བརྙན་རྣམས་ལྷམ་ངོས་ལའང་སྦྱར་ཆོག་པའི་སྐད་ཆ་ཞིག་ཡིན་མི་སྲིད།

གཞན་ཡང་ང་ཚོས་བཟོད་པ་དང་ཁྲོས་ཀྱང་སླར་མི་ཁྲོ་བའི་དགེ་སྦྱོང་གི་ཆོས་དག་ལས་འགལ་བའི་ལས་ཤིག་རྩོམ་འཆར་ཞུས་མེད་ཅེས་གསལ་པོ་བཤད་རྒྱུ་ཡིན། བསྟན་པ་སྤྱི་ལ་བརྙས་སྨོད་དང་། བླ་མ་ལ་ཁྱད་གསོད་ཀྱི་ལས་བྱུང་བ་དག་ལ་གོ་མེད་ཚོར་མེད་ངང་སྡོད་དགོས་གསུངས་པའི་གཞུང་ལུགས་ཤིག་དེ་སྔོན་མཐོང་ཐོས་མ་བྱུང་ལ། དེ་ལས་ལྡོག་སྟེ། རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་ནས་ད་ལྟའི་བར་གྱི་མཁས་གྲུབ་རྣམས་ཀྱིས། དེའི་རིགས་ལ་དགག་ལན་དང་།  བརྒལ་རྟགས་གནང་ནས་ཕེབས་འདུག་པ་མཇལ་བྱུང་ཟེར་རྒྱུ་ཡིན།

དེ་བཞིན་སྔགས་ཕྱོགས་ནས་བཤད་ན་ནི། བླ་མ་ལ་སྨད་ཅིང། སངས་རྒྱས་ལ་བཀུར་འདེབས་བྱེད་མཁན་དག་ལ། སངས་རྒྱས་བསྟན་པའི་སྤྱི་དགྲ་དཔལ་ལྡན་བླ་མའི་སྐུ་དགྲ་ཟེར་ནས། དེ་དག་ཞིང་བཅུ་ཚང་བའི་དགྲ་བོ་ཡིན་པས་བསྒྲལ་དགོས་ཚུལ་གསུངས་ཡོད་པ་ལས་བཟོད་པ་བསྒོམ་ནས་སྡོད་ཅེས་བཤད་མེད། (བཟོ་གྲྭའི་བདག་པོ་དགྲ་བོ་ཡིན་པ་དང་། ང་ཚོས་བསྒྲལ་དགོས་ཟེར་བའི་སྐད་ཆ་མིན) ད་དུ་ཁོང་གིས། སྔགས་ཕྱོགས་ནས་གསར་རྙིང་རིས་མེད་ཀྱིས། ལུས་འདི་གདན་གསུམ་ལྷའི་དཀྱིལ་འཁོར་དུ་ལྟ་བས་ལྷའི་དཀྱིལ་འཁོར་ལ་དབུ་ཞབས་ཀྱི་བཟང་ངན་མེད། ཅེས་བཤད་སྣང་བས། དེས་ན་ཁྱོད་ཀྱིས་ཆུང་ས་ནས་ནང་པ་ཚང་མ་དང་། ཆེ་ས་ནས་འཛམ་གླིང་གི་སྐྱེ་བོ་ཀུན་གདན་གསུམ་ལྷའི་དཀྱིལ་འཁོར་དུ་རྟོགས་པའི་རྣལ་འབྱོར་བ་ཁས་ལེན་ཐུབ་བམ། གང་ལྟར་འདིའི་ཐད་ནས་ལྟ་བ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་དགོས་ཟེར་བ་དེ་ལས་ལན་གཞན་སྤྲོ་བའི་དགོས་མ་མཐོང་།

 

༢༽ གཉིས་པ་སྲིད་ཕྱོགས་སམ་འཇིག་རྟེན་ཕྱོགས་དང་ཡང་མཐུན་ཚུལ་ནི།

ཁོང་གིས༼གནད་དོན་འདི་འདྲས་བོད་དོན་དང་བོད་ཀྱི་རིག་གཞུང་ཁྱབ་བསྒྲགས་ཀྱི་རྒྱུར་འགྱུར་བ་དང་༽ཅེས་བཤད་འདུག་མོད། སྤྱིར་ཆ་བསྒྲགས་ཟེར་དུས་བཟང་པོའི་དང་ངན་པའི་ཆ་བསྒྲགས་འདྲ་མིན་བྱ་རྒྱུ་ཡོད་པ་ཞིག་ལས། ཆ་བསྒྲགས་བྱས་ཚད་ཡག་པོ་ཞིག་ཡིན་རློམ་བྱས་ན། དེ་ནི་བོད་རང་བཙན་ཤོར་བའི་ཡར་སྔོན་དུ་བོད་ཀྱི་ཆེན་པོ་བ་ཚོ་རྒྱ་མིའི་མགོ་སྐོར་འོག་ཚུད་པའི་མཇུག་འབྲས་སུ་ད་ཆར་ཅི་ཞིག་མྱོང་བཞིན་བའི་གནད་དོན་ལྟ་བུ་ལས་འདའ་མི་སྲིད།

ཡང་གཅིག་བཤད་ན། ཨ་མི་རི་ཀས་ཁོ་རང་ཚོའི་སྲིད་འཛིན་གྱི་པར་རིས་གསང་སྤྱོད་ནང་སྦྱར་ཀྱིན་མེད་ཀྱང་དེ་ལ་དགའ་གུས་ཡོད་ལ། ཁོང་ཚོས་བྷིན་ལ་དོན་གྱི་པར་རིས་མང་པོ་ཞིག་ཆབ་གསང་གཏོང་སར་སྦྱར་ཡོད་ཀྱང་ཧ་ཅང་སྡང་བཞིན་ཡོད། བྱེད་སྟངས་འདི་ཚོས་ཅི་ཞིག་སྟོན་ཀྱིན་འདུག ཁོང་གིས་ང་ཚོ་ལ་༼ངོ་རྒོལ་བྱ་བའི་འོས་སུ་མ་གྱུར་མོད་ལུང་ཁུག་གི་གོམས་སྲོལ་ཉི་ཚེ་བ་ཙམ་གྱི་དབང་དུ་བྱས་ན་ཅི་ཆ་ཡོད༽ ཅེས་དང་། ཡང་༼འདི་དང་འདི་ལྟ་བུ་རྨོངས་ཞེན་བྱས། གཟེ་རེ་བྱས༽ཟེར་བ་སོགས་མཐོང་ཆུང་གི་ཁེངས་གཏམ་རེ་བཤད་སྣང་ཡང་། འཛམ་གླིང་སྤྱིའི་ལམ་སྲོལ་དང་ཆོས་ལུགས་ཤིག་གི་བརྩི་བཀུར་བྱ་སྟངས། དེ་ལས་ཀྱང་བོད་ཀྱི་ཐུན་མིན་གོམས་སྲོལ་བཟང་པོའི་ཕྱོགས་ནས་བསམས་ན། གཏམ་འདི་ཚོ་སུ་ཞིག་ལ་འཇུག་མིན་ནི་སྐད་ཆ་ཁ་ཤས་ཤིག་གིས་དཔང་རྟགས་བྱས་འདུག་སྙམ།

སྤྱིར་བཏང་ངོ་རྒོལ་བྱས་པ་ཙམ་གྱིས་ཕ་རོལ་པོ་དེ་དགྲར་བརྩིས་བ་དང་། དེ་ཉིད་ཆོས་དང་མི་མཐུན་པ་ཞིག་ཀྱང་ཆགས་ཀྱིན་མེད། དཔེར་ན། དམངས་ཀྱིས་དགོས་འདུན་གང་ཞིག་གི་དོན་དུ། གཞུང་ལ་ངོ་རྒོལ་བྱེད་ཀྱིན་ཡོད་ཀྱང། ཁོང་ཚོས་གཞུང་ལ་དགྲར་བརྩི་བཞིན་མེད།

དེ་བཞིན་སེམས་དཔའ་ཆེན་པོ་གྷན་དྷི་དང་། ༧གོང་ས་ཏཱ་ལའི་མས་ཀྱང་གཞན་དོན་ཀྱི་ཆེད་དུ་བདེན་དོན་རྩོད་ཀྱིན་ཡོད་མོད། ཁོང་ཚོས་བཟོད་པ་དང་ཁྲོས་ཀྱང་སླར་མི་ཁྲོ་བའི་ཆོས་ཁྲིམས་བཟང་པོ་དག་དོར་ཀྱིན་མེད།

དེ་ལས་ལྡོག་སྟེ། གཞན་གྱིས་ལས་ངན་བསགས་པ་དག་ངོ་སྤྲད་ནས། ལམ་ནོར་དེ་ལས་ལྡོག་ཕྱིར་ལམ་སྟོན་བྱས་ན། དེ་ནི་ནང་པའི་ཆོས་ཀྱི་རྩ་བ་བྱམས་སྙིང་རྗེས་ཟིན་པ་ཞིག་ཆགས་ཀྱིན་ཡོད་ཞུ་རྒྱུ་ཡིན།

མཐའ་མཇུག་ངས་ཁྱེད་ལ་སྐད་ཆ་ཁག་གཉིས་འདྲི།

༡༽ ཁྱོད་ལྟར་ན། སྟོན་པ་དང་ཏཱ་ལའི་བླ་མའི་སྐུ་པར་རྣམས་གཅིན་སྐྱག་གཏོང་སའི་ནང་སྦྱར་ནའང་འགྲིག་གམ། དེ་ནི་མང་ཚོགས་ཀྱིས་རྒྱུན་དུ་བེད་སྤྱོད་བྱེད་ཀྱིན་པའི་ཆ་བསྒྲགས་བྱ་ས་ཡག་པོ་ཞིག་ཡིན་པས་སོ།

༢༽ ཁྱོད་ཀྱིས་ཀྱང་སྟོན་པ་དང་ཏཱ་ལའི་བླ་མའི་སྐུ་པར་ལྷམ་ངོས་སུ་སྦྱར་ནས་གྱོན་ཀྱིན་ཡོད་དམ། ཁྱོད་ལྟར་ན་བྱེད་སྟངས་དེ་མཐོང་ཆེན་དང་དགའ་མོས་ཡོད་པ་མཚོན་བྱེད་ཡིན་པས་སོ།

བསྡོམས་རྒྱབ་ན། སྟག་མཆོང་སར་ཝ་མཆོངས་ནས། ཝའི་སྐེད་ཚིགས་བུད་ཟེར་དཔེ་དེའི་དྲན་སོས་ཤིག་བྱུང་སོང།།

༼གསལ་བཤད། ངའི་གསལ་བཤད་འདི་ང་ཚོའི་ཚོགས་པ་དང་འབྲེལ་བ་མེད་ལ། དེ་ལས་ཀྱང་ཁོང་ཚོར་འདིའི་སྐོར་བཤད་མེད། གང་ཡིན་ཟེར་ན། ཁོང་ཚོའང་མི་རབས་གསར་པ་ཞེ་གཅིག་ཡིན་པ་དང། ཁག་ཅིག་ནི་བོད་ནས་ཕེབས་ཏེ་ཡུན་རིང་མ་སོང་བ་ཡིན་པས་བློ་ཕམ་དང་། ཞེན་པ་ལོག་པའི་རྒྱུར་འགྲོ་བ་དོགས་ནས་ཡིན།༽

༢༠༡༠་༦་༢༣། ཉིན་བཙན་བྱོལ་བོད་ཀྱི་རྒྱལ་ས་ནས་འཆམ་ར་དྲི་མེད་རྒྱལ་མཚན་དེས།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།